ཟླ1པོའི་ཚེས5ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་ཁུལ་གྱིས་ཟླ1པོ་ནས་ཟླ3པའི་བར་དུ་གཅིག་བསྡུས་ཀྱིས་དགུན་དུས་དང་དཔྱིད་ཀའི་རིག་གནས་ལུས་རྩལ་ཡུལ་སྐོར་བཅས་ཀྱི་ཕྲེང་བསྟར་བྱེད་སྒོ་སྤེལ་ཏེ། མཉམ་རོལ་དང་ལོངས་སྤྱོད། སྤྱན་གཟིགས་བཅས་ཀྱི་ཉམས་ལེན་གཙོ་གནད་དུ་བཟུང་ནས། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བྱེད་པ་དང་། དགུན་དུས་དང་དཔྱིད་ཀའི་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། ཁོ་ཚོར་ཁྱོན་ཡོངས་ནས“ངོ་མཚར་སྟོང་གི་རྨ་ལྷོའི་དགུན་དཔྱིད་དུས་ཀྱི་མཛེས་པ” རོལ་མྱོང་བྱེད་ཐུབ་པར་བྱས།
ཐེངས་འདིའི་བྱེད་སྒོ་རུ་དཔྱིད་གསར་བསུ་བ་དང་དུས་ཆེན་ལ་རྟེན་འབྲེལ་ཞུ་བ། དམངས་སྲོལ་འགྲེམས་སྟོན་བྱེད་པ། དགའ་སྐྱིད་ལ་རོལ་བ་བཅས་བརྗོད་གཞིར་བཟུང་བ་དང་། གངས་འཁྱག་ལུས་རྩལ་དང་དུས་ཆེན་གྱི་དགའ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་བཅས་ཕྱོགས་ཆེན་པོ་གསུམ་འདུས་ཡོད།
ལུལ་རྩལ་གྱི་བྱེད་སྒོའི་ཕྱོགས་ནས། ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་ལ་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ཏེ། གཅིག་རྗེས་གཉིས་མཐུད་ཀྱིས་ཁུལ་དང་རྫོང་རིམ་པའི་སླེ་གྲུག་འགྲན་སྡུར་དང་མི་ལྔའི་རྐང་གྲུག་འགྲན་སྡུར། གདན་ཞུའི་མདའ་འཕེན་འགྲན་སྡུར་སོགས་ཀྱི་ལུས་རྩལ་འགྲན་སྡུར་སྤེལ་བར་མ་ཟད། རྨ་ལྷོ་ཁུལ་གྱི་སྐབས་ལྔ་བའི་མི་སྟོང་ཡན་གྱི་སྐོར་བྲོའི་འགྲན་སྡུར་དང་། རྩེ་ཁོག་རྫོང་དང་ཧི་ནན་རྫོང་གིས་མཉམ་འབྲེལ་གྱིས་སྒྲུབ་པའི་སྤྱི་ལོ་གསར་ཚེས་ཀྱི་སྐོར་བྲོའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ། དེ་ལས་གཞན། རྨ་ལྷོ་ཁུལ་གྱིས་མེ་ཏོག་ལུང་པའི་དར་ཤུལ་ལུས་རྩལ་འགྲན་ཚོགས་དང་། ཐུན་རིན་གྲོང་ཁྱེར་གྱི་སྐབས་དྲུག་པའི“ན་གཞོན་ཚོ་མགྱོགས་པོར་རྒྱུག”ཅེས་པའི་ལུས་རྩལ་གྱི་དགུན་དུས་སྒར་ཁ་སོགས་སྤེལ་ནས། དམངས་ཡོངས་ཀྱི་ལུས་རྩལ་གྱི་སྤྲོ་སེམས་འཕེལ་བར་བྱས་ཏེ། འཁྱག་དར་གྱི་ཐོན་ཁུངས་དེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྒུལ་ཤུགས་སུ་བསྒྱུར།
དུས་ཆེན་གྱི་རྣམ་པ་གསར་བཞེངས་ཀྱི་ཕྱོགས་ནས། ཁུལ་རིམ་པའི་ལོ་སར་གྱི་དུས་ཆེན་བསུ་བའི་མཉམ་སྒྲུབ་རིག་རྩལ་དགོང་ཚོགས་དང་། གཅན་ཚ་རྫོང་གི“ ཤུལ་བཞག་རིག་གནས་ཀྱིས་གནམ་ལོ་གསར་ཚེས་བསུ། ”ཞེས་པའི་ཤོག་སྦག་གི་འཁྲབ་སྟོན་ཆེ་གྲོས་དང་འོད་མདངས་རྣམ་པར་བཀྲ་བས་དུས་ཆེན་གྱི་མཁའ་དབྱིངས་གསལ་བར་བྱེད་པ་སོགས་ཡོད། དེ་དང་མཉམ་དུ། “དཔེ་ཀློག་གི་ཁྲོད་ནས་ལོ་སར་བསུ་བ”ཞེས་པའི་རིམ་བསྟར་བྱེད་སྒོ་སྤེལ་ནས། དཔེ་ཀློག་དང་དུས་ཆེན་མཉམ་འདྲེས་བྱས་ཏེ། སྤྱི་ལོ་གསར་ཚེས་དང་ལོ་སར་ལ་མཉམ་འཛོམས་འཆམ་མཐུན་གྱི་རིག་གནས་ཀྱི་རྣམ་པ་བསྐྲུན།
ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ཁྱད་ཆོས་འབུར་ཏུ་ཐོན་པར་བྱས་ཏེ། 2026ལོའི་རེབ་གོང་བོད་གཏོ་གཟུགས་འདས་ཤུལ་བཞག་རིག་གནས་ཡུལ་སྐོར་དུས་ཆེན་དང་རྨ་ལྷོ་ཁུལ་གྱི་དགུན་དུས་དང་དཔྱིད་གསར་གྱི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་མགོ་བརྩམས་པ་དང་། དེའི་ཁྲོད“མཛེས་པའི་རེབ་གོང་མཉམ་སྤྱོད”ཞེས་པའི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་འགྲེམས་སྟོན་དུས་ཆེན་དང་སྐབས་གསུམ་པའི་གཟུགས་འདས་ཤུག་བཞལ་རིག་གནས་ཀྱི་ལེའུ་ཆེན་མོ། ད་དུང་རེབ་གོང་ཐོ་ཀྱཱ་གྲོང་རྡལ་དང་གཅན་ཚ་ཁང་དབྱང་གྲོང་རྡལ་གྱི་ཕུལ་བྱུང་རྒྱ་འཆམ་འཁྲབ་སྟོན། ཟློས་གར་གྱིས་ལོ་སར་བསུ་བའི་གཞི་རིམ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ལོ་ངོ་སྟོང་གི་དམངས་སྲོལ་རིག་གནས་ཀྱིས་གནམ་ལོ་གསར་པར་གཟི་འོད་ལྡན་པར་བྱས།