མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་དུག་འགོག་བྱ་བའི་བརྙན་ལམ་ཚོགས་འདུ་བསྡུས་ཏེ། བྱ་བར་སྤྱི་བསྡོམས་དང་གནས་བབ་ལ་དབྱེ་ཞིབ། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་དུག་འགོག་བྱ་བར་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་དུག་འགོག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཧུང་ཡ་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་རེད།
གྲོས་ཚོགས་ལས་འདས་ཟིན་པའི་ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་རིམ་པ་སོ་སོའི་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དུག་འགོག་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “སྔོན་འགོག་དང་དོ་དམ། ཚོད་འཛིན། དྲིལ་སྒྲོག་བཅས་མཉམ་འཛུགས”ཀྱི་ལས་དོན་ཁག་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བར་བརྟེན། ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པ་དང་། དུག་འགོག་འཐབ་རྩོད་ལས་དོན་བརྟན་བརླིང་ངང་ཡར་རྒྱས་བྱུང་ཡོད་ལ། དུག་འགོག་གནས་ཚུལ་གྱི་གནས་བབ་ཁྱོན་ཡོངས་ནས་ཇེ་ལེགས་སུ་སོང་ཡོད་ཅེས་བསྟན།
གྲོས་ཚོགས་ལས2026ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་རིམ་པ་སོ་སོའི་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་ཁུངས་ཀྱིས་དུག་རྫས་བཅོས་སྐྱོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། དུག་རྫས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་གཞི་རྟེན་དུ་བཟུང་སྟེ། དུག་རྫས་ཐད་གནས་པའི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུ་དང་། དུག་འགོག་གི་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། དུག་འགོག་གི་མི་དམངས་དམག་འཁྲུག་ལ་སྐུལ་འདེད་ཟབ་མོ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དུག་འགོག་འཐབ་རྩོད་ཀྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བར་ཤུགས་སྣོན་དགོས། དུག་འགོག་དང་རྡུང་རྡེག་ནན་མོ་གཏོང་བའི་ཕར་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་མང་ཞིང་བརྒྱུད་ལམ་མང་བ། སྣ་སྒོ་མོ་བཅས་ཀྱི་ལམ་ནས་དུག་འགོག་དམག་འཐབ་མ་ལག་འཛུགས་དགོས། ནུས་ཤུགས་ཡོད་རྒུས་དུག་རྫས་ཀྱི་འབྱུང་རྩ་འགོག་པའི་ལས་དོན་ལེགས་པོར་བསྒྲུབ་པ། གཙོ་གནད་དངོས་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་དོ་སྣང་ཆེན་པོ་བྱེད་པ། དུག་འཐེན་མཁན་གྱི་ཞབས་ཞུ་དང་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ། དུག་རྫས་སྔོན་འགོག་གི“མདུན་སྐྱོད་དྲུག”གི་བྱེད་སྒོ་ཟབ་སྤེལ་གཏོང་བ། མང་ཚོགས་ཀྱིས་སྔོན་འགོག་དང་མང་ཚོགས་ཀྱིས་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་པ་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། དམངས་ཡོངས་ཀྱི་དུག་ངོས་འཛིན་དང་དུག་འགོག་གི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་མཁས་ཀྱི་དུག་འགོག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དུས་རབས་གསར་པའི་དུག་འགོག་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཡུན་སྐྱོང་བདེ་འགོད་ལ་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་ལེན་བྱ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།