མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2025ལོའི་ཟླ12པའི་ཚེས24ཉིན། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་པས་སྒོར་དུང་ཕྱུར131.81བཏང་ནས་འགན་སྲུང་གི་རྨང་རྡོ་ཇེ་བརྟན་དུ་བཏང་ཞིང་། སྔོན་འགྲོ་སློབ་གསོའི་སྤྱི་ཕན་ཚད98.7%དང་། འོས་འགན་སློབ་གསོའི་སྲ་བརྟན་ཚད97.5%། མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད90%བཅས་ཀྱི“ཚད་གསུམ་མཉམ་འཕར”མངོན་འགྱུར་བྱུང་ནས། “སློབ་གྲྭ་འགྲིམ་རྒྱུ་ཡོད་པ”ནས“སློབ་སྦྱོང་ཡག་པོ་བྱེད་པའི”བར་གྱི་སློབ་གསོར་རྒྱུགས་ལན་བློ་ཡིད་ཚིམ་པ་ཞིག་བཏབས།
ལོ་ལྔའི་རིང་ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་མ་ལག་ལྡན་པའི་སྒོ་ནས་ཇུས་འགོད་བྱས། སྔོན་འགྲོ་སློབ་གསོ་ཁྱབ་གདལ་དང་འོས་འགན་སློབ་གསོའི་སྤུས་ཚད་མཐོར་འདེགས། མཐོ་འབྲིང་གི་སློབ་གསོ་སྤུས་ལེགས་གཏོད་པ་དང་ལས་རིགས་སློབ་གསོའི་དམིགས་བསལ་གཏོད་པ། དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་དཔུང་སྡེ་ཚད་ལྡན་དུ་གཏོང་བ་སོགས་གཙོ་གནད་ལས་གྲྭ་དྲུག་བཅས་ལག་ཏུ་བསྟར་ནས་དམིགས་འབེན་ཁ་གསལ་དང་བྱེད་ཐབས་ཆ་ཚང་གི་སྲིད་ཇུས་མ་ལག་ཆགས།《ཡུལ་ཤུལ་ཁུལ་གྱི་སློབ་གསོ་རྨང་རྩ་གཉིས་བརྟན་གྱི་བྱེད་ཐབས་དོན་ཚན་བཅུ》བཟོས་ཏེ། སློབ་གསོ་ཡུན་རིང་འཕེལ་རྒྱས་འགྲོ་བར་ལམ་ལུགས་ཀྱི་འགན་སྲུང་བརྟན་པོ་མཁོ་འདོན་བྱས། ལོ་ལྔའི་རིང་བསྡོམས་པས་སློབ་གསོའི་ཕྱོགས་ལ་སྒོར་དུང་ཕྱུར131.81ལྷག་བཏང་བ་མ་ཟད། གཞི་ཁྱོན་སྒོར་ཁྲི1000ཡོད་པའི་ཡུལ་ཤུལ་སློབ་གསོའི་འཕེལ་རྒྱས་ཐེབས་རྩ་བཙུགས་ནས། སློབ་གསོའི་གསར་གཏོད་དང་ཡུན་རིང་གི་འཕེལ་རྒྱས་ལ་མ་དངུལ་གསོག་འཇོག་བྱས། སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.5བྱིན་ནས། སྔོན་འགྲོ་ནས་མཐོ་འབྲིང་བར་གྱི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་སློབ་ཞུགས་ལ་འགན་སྲུང་གི་དྲ་བ་བཙུགས།
ཁུལ་ཡོངས་ཀྱི་རྨང་གཞི་སློབ་གསོའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཏེ། བསྡོམས་པའི་སློབ་གྲྭ268ལ་བསླེབས་པ་དང་། དེར་སྔོན་འགྲོ་སློབ་གསོ་ནས་མཐོ་འབྲིང་དུས་རིམ་གྱི་རིགས་སྣ་ཚུད་ཡོད་པས། སློབ་གསོའི་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན། སློབ་གསོ་སྲུང་སྐྱོང་པའི་ཆོག་འཐུས་ཚད་གཞི་བཏོན་པ་དང་སྒྲིག་ཁོངས་སུ་མེད་པའི་དགེ་རྒན་གྱི་སྤྱི་ཚོགས་འགན་སྲུང་དོན་འཁྱོལ་བྱས་ཏེ། ཀུན་ཕན་རང་བཞིན་གྱི་ནོར་སྲིད་ཁ་གསབ་སོགས་མུ་འབྲེལ་བྱེད་ཐབས་བཏོན་པ་དང་། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གི་ཁྱབ་ཚད98.7%བར་ཇེ་མཐོར་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསླེབས། “སློབ་མཚམས་འཇོག་རྒྱུ་ཚོད་འཛིན་དང་སློབ་སྦྱོང་འགན་ལེན་བྱ་རྒྱུ”དེ་རྒྱུན་རྣམ་ཅན་གྱི་དོ་དམ་ནང་བཅུག་པ་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་བཏང་བས། འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད97.5%བར་ཇེ་མཐོར་ཕྱིན་ཡོད། ཁུལ་རིམ་པའི་དམིགས་བསལ་སློབ་གསོའི་དཔྱད་འཇོག་ཨུ་ཡོན་ལྷན་ཁང་བཙུགས་ཏེ། རྫོང་རིམ་པར་ཐོན་ཁུངས་སློབ་ཁང6བསྐྲུན་ནས་སློབ་གསོ་སྒོ་བཅར་གྱི་ཞབས་ཞུ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཁུལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་བྱིས་པ་དང་ན་གཞོན་སློབ་ཞུགས་ཚད96%ལས་བརྒལ་ནས་སློབ་གསོ་དྲང་གཞག་ཡོང་བ་དངོས་དོན་ཐོག་རྒྱ་ཆེ་རུ་བསྐྱེད།