ཟླ1པོའི་ཚེས4ཉིན། གསར་འགོས་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ནས་རྒྱུན་ལོན་བྱུང་བ་ལྟར་ན། ནན་ཐུང་གྲོང་ཁྱེར་གྱིས་ཁྲི་ཀ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚན་ཆུང་གིས་མཐུན་སྦྱོར་དང་སྐུལ་འདེད་བྱས་འོག ནན་ཅིང་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གཉིས་པའི“སྙིང་སྲུང་ལས་གཞིའི”རུ་ཁག་ལེ་དབར་སྟོང་ཕྲག་བརྒལ་ནས་ཁྲི་ཀར་སླེབས་ཏེ། ཉིན་དགུའི་དུས་ཡུན་རིང་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་བཅས་ཀྱི་བྱིས་པ་ཁྲི་གཅིག་སྟོང་བརྒྱད་གོ་བཞི་ལ་རིན་མེད་ངང་སྙིང་ཁམས་བརྟག་དཔྱད་བྱས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བརྟག་དཔྱད་རོགས་སྐྱོབ་བྱ་ཡུལ་ལ་ལོ་བཅོ་བརྒྱད་བར་གྱི་ལྷན་སྐྱེས་ཀྱི་སྙིང་ནད་དང་སྙིང་འཕར་འཆོལ་བ། བྲང་འབུར། བྲང་ཟགས་ནད་སོགས་བྱུང་བའི་བྱིས་པ་དང་མ་མཐའི་འགན་སྲུང་ཁྱིམ་ཚང་གི་མི་དར་མའི་སྙིང་ནད་བྱུང་བའི་ནད་པ་བཅས་འདུས་ཡོད། ཆེད་ལས་ཀྱི་བརྟག་དཔྱད་དང་ཕྱོགས་བསྡུས་དཔྱད་འཇོག་བྱས་པ་བརྒྱུད། མཇུག་མཐར་བྱིས་པ་བཅོ་བརྒྱད་ཟླ1པོའི་ཚེས10ཉིན་ནས་བཟུང་སྔ་རྗེས་སུ་ནན་ཅིང་དུ་སོང་ནས་གཤགས་བཅོས་སྨན་བཅོས་བྱེད་རྒྱུ་ཐག་གཅོད་བྱས། ཁྱིམ་ཚང་གི་ཁུར་བོ་ཇེ་མང་དུ་གཏོང་ཆེད། ནད་པར་སྨན་བཅོས་བྱེད་སྐབས་ཀྱི་སྨན་བཅོས་འགན་སྲུང་རྩིས་ཞུ་བྱས་རྗེས་ཀྱི་རང་ཉིད་ཀྱིས་གཏོང་དགོས་པའི་འགྲོ་སོང་ཁག‘སྙིང་སྲུང་ལས་གཞིའི’རོགས་སྐྱོར་ཐེབས་རྩ་ཚོགས་པས་འགན་ལེན་བྱེད་རྒྱུ་རེད། དེ་ལས་གཞན། ཚོགས་པ་དེས་ཁྱིམ་ཚང་འདི་དག་ལ་ཆེད་དོན་རོགས་སྐྱོར་གྱི་ཁ་གསབ་མ་དངུལ་སྒོར་སྟོང་གཅིག་རེ་བྱིན་ཡོད་ལ། སྨན་བཅོས་སྐབས་ཀྱི་འགྲིམ་འགྲུལ་འགྲོ་གྲོན་འདུས་ཡོད།