2026ལོའི་བྱིས་པ་གསོ་སྐྱོང་གི་ཁ་གསབ་ལེན་པའི་ཕྱོགས་སྟོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། དེ་རིང་སྟེ་ཚེས5ཉིན། 2026ལོའི་ལོ་འཁོར་གྱི་བྱིས་པ་གསོ་སྐྱོང་གི་ཁ་གསབ་དངོས་སུ་རེ་ཞུ་བྱེད་འགོ་ཚུགས་ཡོད།

2026ལོའི་ལོ་འཁོར་གྱི་བྱིས་པ་གསོ་སྐྱོང་གི་ཁ་གསབ་ལ་དངོས་སུ་རེ་ཞུ་བྱེད་མགོ་ཚུགས། ཆ་རྐྱེན་དང་མཐུན་པའི་རེ་ཞུ་བྱེད་མཁན་རྣམས་ཀྱིས་སྐད་འཕྲིན་དང་ཀྲི་ཧྥུའུ་པའོ(支付宝)ཡི“བྱིས་པ་གསོ་སྐྱོང་གི་ཁ་གསབ”ཅེས་པའི་ཕྲན་སྟེགས་ཆུང་བུའི་སྟེང་རེ་ཞུ་བྱ་ཆོག་པ་མ་ཟད། བྱིས་པའི་ཁྱིམ་ཐོ་ཡོད་སའི་ཞིང་ཆེན་གྱི་སྲིད་དོན་ཞབས་ཞུའི་སྟེགས་བུའི་སྟེང་དུ་ཡང་རེ་ཞུ་བྱ་ཆོག་ལ། ཁྱིམ་ཐོ་ཡོད་སའི་སྡེ་ཁག་དུ་སོང་ནས་སྒྲུབ་ཀྱང་ཆོག

ལོ་གསར་པའི་ནང་། བྱིས་པ་གསོ་སྐྱོང་གི་ཁ་གསབ་དེ་དྲ་ཐོག་ནས་རེ་ཞུ་བྱེད་པའི་འགྱུར་ལྡོག་ཆེ་ཤོས་ནི་ན་ནིང་གི་རྨང་གཞིའི་བྱེད་ནུས་ཐོག་མུ་མཐུད་ལེན་པའི་བྱེད་ནུས་ཁ་སྣོན་བྱས་པ་དེ་རེད།

གལ་ཏེ་ཆ་འཕྲིན་ལ་འགྱུར་ལྡོག་མེད་ན། 2025ལོར་བྱིས་པ་གསོ་སྐྱོང་གི་ཁ་གསབ་རེ་ཞུ་བྱས་ཟིན་པའི་རེ་ཞུ་བྱེད་མཁན་གྱིས་མུ་མཐུད་དུ་རེ་ཞུ་བྱ་ཆོག་པ་དང་། གལ་ཏེ་ཆ་འཕྲིན་ལ་འགྱུར་ལྡོག་ཡོད་ཚེ། བཟོ་བཅོས་མནན་ན། མ་ལག་གིས་ཐེངས་དང་པོར་རེ་ཞུ་བྱས་པའི་ཆ་འཕྲིན་རང་འགུལ་གྱིས་ནང་འདྲེན་བྱ་ཐུབ་པས། རེ་ཞུ་བྱེད་མཁན་གྱིས་འགྱུར་ལྡོག་ཡོད་པའི་ནང་དོན་ལ་དམིགས་ནས་ཡང་བསྐྱར་བཟོ་བཅོས་བརྒྱབ་ནས་ཡར་སྤྲད་པས་ཆོག

གལ་སྲིད་ད་ལོར་ཐེངས་དང་པོར་རེ་ཞུ་བྱས་པ་ཡིན་ན། འབྲེལ་ཡོད་ཀྱི་རྒྱུ་ཆ་སྔོན་ལ་གྲ་སྒྲིག་བྱས་ནས་བྱིས་པ་གསོ་སྐྱོང་གི་ཁ་གསབ་ལེན་པར་རེ་ཞུ་བརྒྱབ་རྗེས། ལས་སྒྲུབ་པའི་ཞིབ་བཤེར་ལ་སྒུག་དགོས་ན་ཆོག། 

2025ལོའི་ཟླ7པར། རྒྱལ་ཁབ་ཀྱིས《བྱིས་པ་གསོ་སྐྱོང་གི་ཁ་གསབ་ལམ་ལུགས་ལག་བསྟར་ཇུས་གཞི》བཏོན་པ་དང་། ལོ3མན་གྱི་བྱིས་པར་ལོ་རེར་མི་རེར་སྒོར3600ཡི་ཁ་གསབ་སྤྲོད་རྒྱུའི་གཏན་འབེབས་ཁ་གསལ་བྱས་ཡོད།

ན་ནིང་ལོ་མཇུག་བར་རྒྱལ་ཡོངས་སུ་བྱིས་པ་གསོ་སྐྱོང་གི་ཁ་གསབ་གཤམ་སྤྲོད་བྱས་པའི་མི་གྲངས་ཁྲི2400ལས་བརྒལ་ཡོད། 2025ལོར་རེ་ཞུ་བྱས་ཀྱང་ཞིབ་བཤེར་བྱས་ནས་གཤམ་སྤྲོད་བྱས་མེད་པའི་མང་ཚོགས་ལ་དམིགས་ནས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ཁག་ལ་ལས་ཀར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་མཛུབ་ཁྲིད་བྱས་ཏེ། ཞིབ་བཤེར་གང་མགྱོགས་བྱས་ནས་གཤམ་སྤྲོད་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།