ཀྲུའུ་ཞི་ཞི་ཅིན་ཕིང་གི2026ལོའི་སྤྱི་ལོ་གསར་ཚེས་བསུ་བའི་ཤིས་ཚིག་ལ་ས་གནས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ཉིས་སྟོང་ཉེར་དྲུག་ལོའི་སྤྱི་ལོ་་གསར་ཚེས་བསུ་བའི་ཤིས་ཚིག་གིས། མི་སེམས་ལ་དྲོད་ཁོལ་སྦྱིན་ཞིང་། ཡིད་ཆེས་བརྒྱུད་སྤྲོད་དང་ཡར་བརྩོན་ལ་སྐུལ་མ་བཏང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དམིགས་འབེན་ལས་འགན་གཏན་འཁེལ་དང་། འབད་འབུངས་ཡར་བརྩོན་དང་བྱས་རྗེས་འཇོག་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས། ཕུགས་འདུན་ཆེན་པོ་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བསྟན།

2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྡུ་བའི་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་སྤྱི་ལོ་གསར་ཚེས་བསུ་བའི་ཤིས་ཚིག་ནང་དུ། ལོ་ལྔའི་རིང་གི་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་བླངས་པའི་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པར་ཕྱིར་དྲན་བྱས་ཡོད། ལོ་གསར་པའི་ནང་མི་རྣམས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ལམ་གསར་པར་འབད་འཐབ་བྱེད་པའི་སྟོབས་ཤུགས་འདུས་ཡོད།

སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཧྲོང་ཁྲེང་སྲིད་ཇུས་མཐུན་སྦྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཅང་སུང་ལིན་གྱིས་བཤད་རྒྱུར། འདས་པའི་ལོ་ལྔའི་ནང་། ང་ཚོས་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། དཔལ་འབྱོར་བསྡོམས་འབོར་བསྟུད་མར་འགག་སྒོ་གསར་པ་ལས་བརྒལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་ཏུ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་ངལ་དང་འགྲན་སློང་མང་པོ་ཁྱད་དུ་བསད་ནས་བླངས་པའི་གྲུབ་འབྲས་ཡིན། ཤིས་ཚིག་ལས་ལས་དོན་ཐམས་ཅད་འཆར་གཞི་ལྡན་ལ་མགོ་མཇུག་བར་གསུམ་ཚང་བའི་སྒོ་ནས་སྒྲུབ་དགོས་ཞེས་གསུངས་ཡོད།   དེ་བཞིན་ལོ་གསར་པའི་ནང་། ང་ཚོས་ཧྲོང་ཁྲེང་དཔལ་འབྱོར་ཚོམས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ས་གནས་གཉིས་ཀྱི་མི་དམངས་ལ་ཕན་བདེ་ཐོབ་པར་བྱ་རྒྱུ་ཡིན་ཟེར།

རྨ་ཆུའི་ཟུར་གསུམ་གླིང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཡ་ཅེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ལོ་གསར་གྱི་ཤིས་ཚིག་ཁྲོད“སྔོ་ལྗང་གི་རི་ཆུ་ནི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཏེ། ང་ཚོའི་སེམས་ནང་སྤོབས་སེམས་དང་ལས་འགན་སྒྲུབ་སེམས་ཀྱིས་ཁེངས་ཡོད་པར་བསྟན། འདས་པའི་ལོ་ལྔའི་ནང་། རྨ་ཆུའི་ཆུ་ཁའི་སྐམ་མཚོའི་སྐྱེ་ཁམས་མ་ལག་གཞི་གཅིག་ཅན་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་རྨ་ཆུའི་འགྲམ་རྒྱུད་དུ་རྒྱུན་མཐུད་ངང་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་ཡིན་ཟེར།

ཀུའེ་ཀྲོའུ་ཞིང་ཆེན་རོང་ཅང་རྫོང་ཏང་ཨུའི་ཧྲུའུ་ཅི་ཞུས་པོ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས“གྲོང་ཁྱེར་དང་སྡེ་བའི་རིམ་འདས་རྐང་གྲུག་འགྲན་སྡུར”ལ་འཁྲུག་ཆ་ཧ་ཅང་ཆེ་བའི་སྐོར་གླེང་སྐབས། ང་ཚོ་ཚང་མ་སྔར་ལས་སྤྲོ་སེམས་ལྡན་པར་བྱས། ཚང་མར་ཡིད་ཆེས་སྔར་ལས་ཆེ་རུ་སོང་བ་དང་། ང་ཚོར་སྐུལ་ཁྲིད་བྱེད་པའི“སྡེ་བའི་རིམ་འདས་རྐང་གྲུག་འགྲན་སྡུར”གྱི་རྒྱུག་ཚད་སྔར་ལས་ལེགས་པའི་སྒོ་ནས་གྲོང་ཚོ་དང་གྲོང་སྡེར་ཁྱབ་པར་བྱས་ཏེ། ང་ཚོར་སྔར་ལས་མང་པའི་མང་ཚོགས་འགྲན་སྡུར་ལ་ཞུགས་པ་དང་། རིག་གནས་ཡུལ་སྐོར་ལུས་རྩལ་མཉམ་འདྲེས་ཀྱི་ཟོང་རྟགས་དེ་ང་ཚོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུར་འགྱུར་བར་བྱེད་དགོས་ཟེར།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་དམངས་འཚོ་ནི་དོན་ཆེན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ལས། དམངས་འཚོ་ལ་དོན་ཆུང་མེད་ལ། ཡོད་ཚད་བརྩེ་བས་བསྒྲུབ་དགོས་ཞེས་གསུང་བྱུང་། བརྩེ་བ་ཟབ་མོ་དེས་མི་དམངས་དུང་ཕྱུར་མང་པོར་དྲོད་སྐྱིད་སྦྱིན།

ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཏ་ཏུང་ཆུས་ཁྲང་ཨན་སྡེ་ཁུལ་གྱི་སྡོད་དམངས་ལུའུ་ཅུན་གྱིས་བཤད་རྒྱུར། “ཁྱིམ་ཚང་ཆུང་ཆུང་”རེ་རེའི་འཚོ་བ་ཇེ་བཟང་དུ་སོང་ན། ཀྲུང་གོའི“ཁྱིམ་ཚང་ཆེན་པོ”འདི་ཡར་ངོའི་ཟླ་ལྟར་འཕེལ་ཐུབ་ཅེས་པའི་སྐད་ཆ་དེས། ང་ཚོར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོའི“ཁྱིམ་ཆུང་”ཚང་མར་ཐུགས་སུ་བཟུང་ཡོད་ལ། འདས་ཟིན་པའི་ལོ་གཅིག་ནང་། སྡེ་ཁུལ་གྱི་རིག་གནས་བྱེད་སྒོ་ཧ་ཅང་མང་བ་དང་། སྡེ་ཁུལ་གྱི་ཟ་ཁང་གི་ཚལ་སྣ་ཡང་ཕུན་སུམ་ཚོགས་སུ་སོང་། ལོ་གསར་པའི་ནང་། ང་ཚོར་ཐུགས་ཁྲལ་འདིས་འཚོ་བ་སྔར་ལས་བཟང་བོར་བསྒྱུར་བའི་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་མ་ཕོ་ཞང་མ་ལེན་ཐན་སྡེ་བའི་སྡེ་མི་ལི་ཚའེ་ཨོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ང་ཚོ་མི་སེར་ཚོ་ཡིད་ལ་བཟུང་བ་དང་ང་ཚོར་ཐུགས་ཁྲལ་བྱེད་ཀྱིན་ཡོད། གནོད་འཚེ་ཕོག་པའི་ཚུན་གྱི་དུས་ཚོད་ཐུང་ཐུང་ཟླ་བ་བཞིའི་ནང་ང་ཚོ་ཁང་པ་གསར་པའི་ནང་འདུག་ཐུབ་པ་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ལོ་གསར་གྱི་ཤིས་ཚིག་ནང་ང་ཚོས་མཉམ་དུ་ཕུགས་འདུན་གྱི་ཆེད་དུ་འབད་འཐབ་དང་བདེ་སྐྱིད་ཀྱི་ཆེད་དུ་འབད་འཐབ་བྱེད་དགོས་ཞེས་གསུངས་ཡོད། ལོ་གསར་པའི་ནང་ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ནས། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པར་བསྐྲུན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་འོག ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པར་ཡིད་ཆེས་ཡོད་ཟེར།

ཀྲེ་ཅང་ཞིང་ཆེན་ཡུན་ཧོ་རྫོང་རྒན་རྒོན་སློབ་ཆེན་གྱི་དགེ་རྒན་ཆིའུ་ཅན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཤིས་ཚིག་ནང་རྒན་འཚམ་ཅན་གྱི་བསྒྱུར་བཀོད་ཀྱིས་རྒན་པར་སྟབས་བདེ་བསྐྲུན་པ་དང་། ང་ལ་ཚོར་བ་ཟབ་མོ་སྐྱེས་སུ་བཅུག ལོ་གསར་པའི་ནང་། ང་ཚོས་སྤུས་ལེགས་རྒན་འཚམ་ཐོན་རྫས་སྔར་ལས་མང་པོ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་རྒྱུར་གཞོལ་ནས། རྒན་པའི་མི་ཚོགས་ཀྱི་ཐོབ་སྣང་རྒྱུན་མ་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཟེར།

ལོ་གསར་པ་ཚེས་མ་ཐག ཧྲང་ཧའེ་ཡི་དཔེ་འགྲོས་བར་མཐོངས་སུ་བཟོ་བཀོད་པ་ཚོས་འཕྲུལ་མི་བསྐོར་ནས་འགུལ་སྟངས་དང་སྐད་ཆ། དཔེ་དབྱིབས་ཀྱི་ནུས་པར་ཚོད་ལྟ་ཡང་ཡང་བྱེད་ཀྱིན་ཡོད་པ་དང་། ཀོང་ཞི་ཕིང་ལུའུ་མིས་བཟོས་གཙང་པོར་འཛུགས་སྐྲུན་པ་ཆིག་ཁྲི་ལྔ་སྟོང་ལྷག་གིས་ལས་གནས་བརྟན་སྲུང་བྱས་ནས་ཧུར་ཐག་གིས་འཛུགས་སྐྲུན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་གིས་ལས་རིགས་ཁག་གི་མི་རྣམས་ཀྱིས་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་དང་བདེ་སྐྱིད་འཚོ་བའི་ཆེད་དུ་འབད་འཐབ་བྱེད་པ་དང་། མཉམ་དུ་ཀྲུང་གོའི་ངོ་མཚར་གྱི་ལེའུ་གསར་པ་འབྲི་རྒྱུའི་སྐུལ་མ་བཏང་།

ཧྲང་ཧའེ“དཔེ་འགྲོས་བར་མཐོངས”ཀྱི་དཔེ་དབྱིབས་ཆེན་པོའི་སྐྱེ་ཁམས་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཡུན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ནང་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོའི་སྐོར་གླེང་བ་དང་། འདིས་ང་ཚོ་མིས་བཟོས་རིག་ནུས་ཐོན་ལས་ཀྱི་ལས་གནས་དང་པོར་ཡོད་པའི་ལས་གཉེར་པ་ཚོར་སྤོབས་སེམས་ཆེར་སྐྱེད་བྱས། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་པ་དང་། ང་ཚོས་དཔེ་དབྱིབས་ཆེན་པོ་དང་ཐོན་ལས་གཉིས་མཉམ་འདྲེས་གཏིང་ཟབ་བྱེད་རྒྱུར་སྔར་ལས་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་ཇེ་མགྱོགས་སུ་གཏོང་བ་དང་མཁོ་སྤྲོད་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། གསར་གཏོད་ཀྱི་གྲུབ་འབྲས་གཅིག་རྗེས་གཉིས་མཐུད་ངང་ཐོན་པར་མ་ཟད། མགྱོགས་མྱུར་ངང་ལས་རིགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་དགོས་ཟེར།

ཕིང་ལུའུ་མིས་བཟོས་གཙང་པོའི་བཟོ་སྐྲུན་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཁྲེང་ཡའོ་ཧྥེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་ལོ་གསར་ཤིས་ཚིག་གྱིས་ང་ཚོར་ཡིད་ཆེས་བསྩལ་ཅིང་ངར་ཤུགས་བསྐྱེད།  ད་ལྟ་བཟོ་སྐྲུན་གྱི་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་ཡོད།  ང་ཚོས་ལས་མཚམས་མི་འཇོག་པའི་ངར་ཤུགས་རྒྱུན་འཁྱོངས་བྱས་ཏེ།  ཕིང་ལུའུ་མིས་བཟོས་གཙང་པོ་ད་ལོར་དུས་བཅད་ལྟར་འགྲུབ་ནས་གྲུ་གཏོང་ཐུབ་པར་འགན་ལེན་བྱེད་དགོས། གཙང་བོ་བརྒྱུད་དེ་རྒྱ་མཚོར་སླེབས་པ་དང་རྒྱ་མཚོ་བརྒལ་ནས་འཛམ་གླིང་ལ་ཕྱོགས་པའི་བརྗིད་ཆེའི་ཕུགས་འདུན་དེ་མཚར་སྡུག་གི་དོན་དངོས་སུ་བསྒྱུར་དགོས་ཟེར།

ཕུགས་འདུན་ཆེན་པོ་སྙེག་སྐབས། ལམ་ཐག་རིང་བ་མི་ཚོར་ལ།  མདུན་ལམ་ཀྱག་ཀྱོག་ཆེ་ཡང་། གོམ་ཞེང་ཆེན་པོས་བསྐྱོད་ཆོག ཚང་མས་བསྟན་དོན།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་རྩོམ་ས་གསར་པའི་སྟེང་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དམིགས་འབེན་ལས་འགན་གཏན་འཁེལ་དང་ཡིད་ཆེས་བརྟན་གཏོང་། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་ཟེར།

ཧི་ནན་ཞིང་ཆེན་ཞུས་ཁྲང་གྲོང་ཁྱེར་ཅན་ཨན་ཆུས་ཧུའོ་ཀྲོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧོ་ཅུན་ཀྲེང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ནང་གསུངས་དོན། རྟེན་མཛོད་ཁང་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚ་རླབས་རྒྱུན་ཆད་མེད་པར་འཕྱུར་ནས་ཚང་མར་ཡིད་ཆེས་དང་སྟོབས་ཤུགས་སྦྱིན་ཡོད།  ང་ཚོས“གཟུགས་འདས་ཤུལ་བཞག་རིག་གནས་རྒྱ་འཆམ”ལ་གཞིགས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ནས། གཟུགས་འདས་ཤུལ་བཞག་རིག་གནས་སྒྱུ་རྩལ་དེ་དམངས་ཕྱུག་གྲོང་དར་ལ་སྐུལ་ཁྲིད་བྱེད་པའི“གསེར་གྱི་ལྡེ་མིག”ཏུ་འགྱུར་བར་བྱེད་དགོས། ལོ་གསར་པའི་ནང་། ང་ཚོས་གྲོང་གསེབ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་ཆེད་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱ་རྒྱུ་ཡིན་ཟེར།

ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་གསེར་ལྡན་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་ལས་རོགས་མཱ་ཡུན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ནང་མུ་མཐུད་དུ་བློ་རྒྱ་ཆེན་པོས་འཛམ་གླིང་དང་འབྲེལ་འདྲིས་བྱེད་དགོས་བསྟན་པ་དེས་ཀྲུང་གོས་མུ་མཐུད་དུ་ཆུ་ཚད་མཐོ་བའི་ཕྱིར་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཆོད་སེམས་མཚོན་ཡོད། དེ་ལས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་པ་དང་ཕྲག་ཏུ་ལས་འགན་ཡོད་པ་ཚོར་དུ་བཅུག ང་ཚོས་སྲིད་ཇུས་མཐུན་སྦྱོར་དང་འཇོན་མི་གསོ་སྐྱོང་། བཟོ་སྐྲུན་གསར་སྤེལ་བཅས་བརྒྱུད་དེ་མཐུན་སྦྱོར་ཤུགས་འདོན་བྱས་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྒུལ་ཤུགས་སྔར་ལས་ཆེན་པོ་བསྣན་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ཆན་ཧའེ་ཧྲེན་ཀང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་ལས་ཆུས་ཀྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལེའང་ཁི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཡུའེ་ཀང་ཨའོ་མཚོ་ཁུག་ཆེན་མོ་ས་ཁུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བཞིན་ཡོད། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་གཏིང་ཟབ་ལེན་དགོས་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཧྲེན་ཀང་ས་ཁུལ་གཉིས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཅན་གྱི་སྦྲེལ་མཐུད་དང་། རྨང་གཞིའི་སྒྲིག་ཆས་གཞི་གཅིག་ཅན་གྱི་སྦྲེལ་མཐུད། དམངས་འཚོའི་ཁྱབ་ཁོངས་གཞི་གཅིག་ཅན་གྱི་མཉམ་འདྲེས་བཅས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་ནས། གསོན་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་མཚོ་ཁུག་ས་ཁུལ་རྩེ་གྲ་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་བསྐྲུན་པར་ཆན་ཧའེ་ཡི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།