མཚོ་བྱང་ཁུལ་གྱིས་རིག་གནས་ཡུལ་སྐོར་བྱེད་སྒོ་སྣ་མང་སྤེལ་ཏེ་དགུན་དུས་ཀྱི་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་བསྩལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས1ཉིན་ནས་ཚེས3ཉིན་བར།   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རིག་གནས་དང་སྐྱེ་ཁམས།  ལུས་རྩལ།   ཡུལ་སྐོར་བཅས་མཉམ་བསྲེས་ཟབ་མོ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་རིགས་ཆེན་པོ་བདུན་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་རེ་གསུམ་སྤེལ་བ་དང་།   རྫོང་བཞི་ཡིས་ཡུལ་བབ་དང་བསྟུན་ནས་ཁྱད་པར་ཅན་གྱི་ཟོང་རྟགས་བསྐྲུན་ཏེ་དགུན་དུས་ཀྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་ཆེན་པོ་བསྩལ།

མིན་ཡོན་རྫོང་གིས་རི་བོ་གངས་དཀར་གྱི་ཕྱི་རོལ་འགུལ་སྐྱོད་དམིགས་ས་གཙོར་བཟུང་ནས་རྒྱལ་ཡོངས་ཀྱི་མཐོ་སར་འཛེག་པའི་ལུས་སྦྱོང་ཚོགས་ཆེན་དང་ལོ་སར་གྱི་མེ་ཕུང་དགོང་ཚོགས་བྱེད་སྒོ་སྤེལ་ནས་ཚན་རྩལ་དང་དམངས་སྲོལ་མཉམ་བསྲེས་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་བྱས་པ་དང་།    མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་མི་ཐེངས་ཁྲི་གཅིག་དང་སྟོང་གཉིས་ལྷག་ལ་སྣེ་ལེན་བྱས།    མདོ་ལ་རྫོང་གིས་མི་མེད་གནམ་གྲུའི་བརྙན་མིག་དང་མེ་ཕུང་སྐོར་བྲོའི་སྟངས་སྟབས།  སྤྱི་ལོ་གསར་ཚེས་གྱི་བཙུན་མོ་དམར་ཡག་མའི་དར་དམར་སྒྲེང་བའི་བྱེད་སྒོ་སོགས་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་དང་རྣམ་པ་སྣ་མང་གི་བྱེད་སྒོ་མཉམ་བསྲེས་སྒོས་སྤེལ་ཏེ་ རིག་གནས་ཡུལ་སྐོར་འཛད་སྤྱོད་ཁྲོམ་རར་སྒུལ་ཤུགས་གསར་པ་བསྣན།        རྐང་ཚ་རྫོང་གིས་མཚོ་སྔོན་པོའི་འཁྱགས་དར་གྱི་ཁྱད་མཚར་ཡུལ་ལྗོངས་ལ་བརྟེན་ནས་ཁངས་ཤུད་གཏགས་ས་དང་འཁྱགས་བརྐོས་འཇིམ་བརྙན་སོགས་བཟོས་པ་དང་།   གློག་རྡུལ་མེ་ཕུང་གསར་སྐྲུན་བྱས་ཏེ་ཡུལ་སྐོར་པ་དག་ལ་འཁྱགས་དར་དང་གཙང་ཆུའི་བར་ནས་སྐྱེ་ཁམས་ཀྱི་མཛེས་པ་མྱོང་རོལ་བྱེད་དུ་བཅུག    མདའ་བཞི་རྫོང་གིས་རྐང་ཐང་འགྲན་སྡུར་དང་མདའ་བཞིའི་དཔེ་ལེགས་མི་སྣར་དཔང་ཡིག་སྟེར་བའི་མཛད་སྒོ། དེ་བཞིན་དམར་པོའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སོགས་སྤེལ་ནས་ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དར་སྤེལ་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས།

ལུགས་གསར་ལོ་སར་གྱི་གུང་གསེང་སྐབས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རེ་རེས་སྤྲོ་སྐྱིད་འཆམ་མཐུན་གྱི་དུས་ཆེན་གྱི་སྣང་ཚུལ་བཟང་བོ་བསྐྲུན་པར་མ་ཟད།    རྫོང་གཅིག་ལ་ཟོང་རྟགས་གཅིག་དང་ཁུལ་ཁོངས་ཡོངས་ལ་ངོ་མཚར་བའི་ལྟད་མོ་མང་བའི་དགུན་དུས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་རྣམ་པ་གསར་པ་བཏོད་ནས་མཚོ་བྱང་ཁུལ་གྱི་ལོ་གསར་ནང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་བསྣན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།