ལུགས་གསར་ལོ་སར་གྱི་གུང་གསེང་སྐབས་སུ་མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་སྐྱེལ་འདྲེན་ནུས་ཤུགས་བཀོད་སྒྲིག་གང་ལེགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ལུགས་གསར་ལོ་སར་སྐབས་སུ།   མཚོ་སྔོན་གྱི་གཞུང་ལམ་དང་ལྕགས་ལམ།   དམངས་སྤྱོད་མཁའ་འགྲུལ་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་སྐྱེལ་འདྲེན་ནུས་པར་བཀོད་སྒྲིག་བྱས་པ་དང་།  བྱེད་ཐབས་སྣ་མང་སྤྱད་དེ་བདེ་འཇགས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་བདེ་འཇགས་ངང་ཕྱིར་བགྲོད་བྱེད་པར་འགན་སྲུང་བྱས།

གུང་གསེང་སྐབས་སུ།   ཟི་ལིང་གནམ་གྲུ་འབབ་ཚིགས་ཀྱི་དུས་གཏན་གནམ་གྲུ་གྲོང་ཁྱེར་ཞེ་ལྔ་ལ་ཐད་སྐྱོད་བྱས་ནས་རྒྱལ་ནང་གི་གྲོང་ཁྱེར་གཙོ་བོར་ཁེབས་པར་བྱས།    མཚོ་སྔོན་གྱི་གནམ་གྲུ་འབབ་ཚིགས་སོ་སོས་བདེ་འཇགས་ཞིབ་བཤེར་བགྲོད་ལམ་ཁ་སྣོན་དང་ཡུལ་དངོས་མཛུབ་སྟོན་ལ་ཤུགས་སྣོན།   རེས་འཁོར་གཏོང་ཐེངས་ཇེ་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཡུལ་སྐོར་པ་རྣམས་ཀྱི་སྒུག་ཡུན་ཇེ་ཐུང་དུ་བཏང་།     རྒན་པ་དང་བྱིས་པ།   ནད་པ།   དབང་བོ་སྐྱོན་ཅན།  བང་མ་སོགས་དམིགས་བསལ་ཡུལ་སྐོར་པར་དམིགས་ནས་གོ་རིམ་ཧྲིལ་བོའི་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱས།

ཡུལ་སྐོར་པ་ཕྱིར་བགྲོད་ཀྱི་དགོས་མཁོ་བསྐང་ཆེད།    ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་ཡུལ་སྐོར་པའི་གནས་ཚུལ་ལ་དམིགས་ནས་སྐྱེལ་འདྲེན་ནུས་པར་བཀོད་སྒྲིག་གནད་ལ་འཁེལ་བ་བྱས་པ་དང་།    ཁོངས་གཏོགས་ཀྱི་མེ་འཁོར་ས་ཚིགས་སོ་སོས་དུས་ཐོག་ཏུ་བདེ་འཇགས་ཞིབ་བཤེར་བྱ་ཡུལ་དང་སྤ་སེར་ཞིབ་བཤེར་བྱེད་ས་ཁ་སྣོན་བྱས་པ་དང་།    ལས་བྱེད་མི་སྣ་དང་དང་བླངས་པ་ཁ་སྣོན་བྱས་ནས་ཁྲིད་སྟོན་ཞབས་ཞུའི་བྱ་བ་བཟང་བོར་བསྒྲུབས་པར་མ་ཟད།    ཞབས་ཞུའི་སྟེགས་བུར་མྱུར་མཁོའི་སྨན་རྫས་དང་སྤྱིན་ཤོག་སོགས་ཡུལ་སྐོར་པར་མཁོ་བའི་དངོས་རྫས་བཀོད་སྒྲིག་གང་ལེགས་བྱས།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སི་མྱུར་བཀོད་གཞུང་ལམ་འཁོར་གཉེར་ཡན་ལག་ཀུང་སིས་གཞུང་ལམ་གཅིག་ལ་བྱེད་ཐབས་གཅིག་གི་ཇུས་གཞི་གཏན་འབེབས་བྱས་ཏེ་དངུལ་བསྡུའི་ས་ཚིགས་སུ་རླངས་འཁོར་གྱི་མང་ཉུང་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ལས་བྱེད་མི་སྣ་བཀོད་སྒྲིག་བྱས་པ་དང་།     དངུལ་བསྡུའི་འཁོར་ལམ་ཁ་སྣོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རླངས་འཁོར་ཤར་གཏོང་ཕན་འབྲས་ཇེ་མཐོར་བཏང་བ་དང་།    ཞབས་ཞུའི་ཁུལ་དུ་ཁོར་ཡུག་འཕྲོད་བསྟེན་དང་ཟས་རིགས་བདེ་འཇགས།   ཚོང་རྫས་མཁོ་འདོན།    རླངས་འཁོར་འཇོག་སའི་སྒྲིག་ལམ་དོ་དམ་སོགས་ལ་ཤུགས་བསྣན་ནས་རླངས་འཁོར་ཁ་ལོ་བ་དང་ཡུལ་སྐོར་པ་རྣམས་ལ་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱས།   དེར་མ་ཟད་དགུན་དུས་ཀྱི་གནམ་གཤིས་ངན་པ་དང་འགྲིམ་འགྲུལ་དོན་རྐྱེན།  ཐོལ་བྱུང་དོན་རྐྱེན་སོགས་ལས་འབྱུང་སྲིད་པའི་ཤུགས་རྐྱེན་ངན་པར་དམིགས་ནས་འཕྲལ་བསྟུན་སྔོན་ཇུས་སྣ་ཚོགས་སྔར་ལས་འཐུས་ཚང་དུ་བཏང་བ་དང་།   འཕྲལ་བསྟུན་གསོག་འཇོག་དང་འགན་སྲུང་བྱ་བར་ཤུགས་བསྣན།   དེ་མིན།    འགྲིམ་འགྲུལ་ཉེན་རྟོག་པ་དང་མེ་ཟོན་རུ་ཁག   སྨན་བཅོས།  ས་ཁུལ་ཁོངས་གཏོགས་ཀྱི་འཕྲལ་བསྟུན་དོ་དམ་སྡེ་ཁག་དང་མཐུན་སྦྱོར་གང་ལེགས་བྱས་ཏེ་ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་མཉམ་འབྲེལ་གྱི་རྐྱེན་སྲོལ་བཙུགས་ནས་ཚད་ཆེན་པོས་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་སྲུང་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།