2025ལོའི་ཟླ12པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་ནས་འཚོགས་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས”ཀྱི་མུ་འབྲེལ་བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྨན་བཅོས་འགན་སྲུང་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གིས“འགན་སྲུང་བྱ་དགོས་ཚད་འགན་ལེན་དང་། མ་དངུལ་གཏོང་དགོས་ཚད་མ་དངུལ་གཏོང་བ། ལོངས་སྤྱོད་བྱ་དགོས་ཚད་ལོངས་སྤྱོད་བྱེད་པ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་བཅས་གཏོང་བའི”དམིགས་འབེན་ལས་འགན་དམ་པོར་འཛིན་པ་དང་། རྒྱུན་མཐུད་ངང་ལམ་ལུགས་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ་དང་ཞབས་ཞུའི་ནུས་ཕྱོད་མཐོ་རུ་བཏང་བས། “གཞི་རྩའི་སྨན་བཅོས་ལ་འགན་སྲུང་ཡོད་པ” བརྟན་བརླིང་མངོན་འགྱུར་བྱུང་ཡོད་པ་མ་ཟད། བྱེད་ཐབས་ནན་མོ་ལ་བརྟེན་ནས་“རྒན་པ་གཅིག་དང་བྱིས་པ་གཅིག”སོགས་གཙོ་གནད་ཚོགས་སྤྱིར་མཐུན་སྦྱོར་འགན་སྲུང་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་མངོན་གསལ་དོད་པོས་ཇེ་ཡང་དུ་བཏང་ཡོད།
འགན་སྲུང་ནང་ཞུགས་རྒྱུར་སྒོར་མོས་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས“འགན་སྲུང་གི་ཚད་མཐའ”བརྟན་པོ་ཡོང་བར་བྱས། དམིགས་བསལ་དཀའ་ངལ་ཆེ་བའི་མི་སྣ་དང་མ་མཐའི་འགན་སྲུང་བྱ་ཡུལ། དབུལ་ལོག་དབུལ་ཕོངས་མི་འབོར་སོགས་སྨན་བཅོས་འགན་སྲུང་གི་སྟེགས་བུ་རུ་གནད་ལ་འཁེལ་བའི་སྒོ་ནས་ངོས་འཛིན་བྱས་པ་མ་ཟད། འགུལ་རྣམ་གསར་བརྗེས་བྱས་ཏེ་བསྐྱར་ཟློས་མེད་པ་དང་ཆད་ལུས་མེད་པའི་འགན་ལེན་བྱས། དམིགས་བསལ་དཀའ་ངལ་ཆེ་བའི་མི་སྣ་ལ་སྒོར་གྲངས་ཧྲིལ་བོའི་རོགས་རམ་བྱས་ནས་མི་སྒེར་གྱིས“གྲོན་དངུལ་སྤྲོད་མི་དགོས་པར”བྱས། མ་མཐའི་འགན་སྲུང་བྱ་ཡུལ་སོགས་ལ་བཅད་འབོར་ལྟར་རོགས་རམ་བྱས་ནས་མི་སྒེར་གྱི་ཁུར་པོ་ཆེས་ཆེར་ཇེ་ཡང་དུ་བཏང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རིམ་རྩིས་བྱས་ན་ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་སྨན་བཅོས་འགན་བཅོལ་ནང་ཞུགས་པར་རོགས་རམ་བྱས་ཚད་མི་ཐེངས་ས་ཡ་གཉིས་བཞི་འབུམ་བདུན་ཁྲི་ཉིས་སྟོང་བདུན་བརྒྱ་ཟིན་པ་དང་འགན་བཅོལ་ནང་ཞུགས་པར་མ་དངུལ་གྱིས་རོགས་རམ་སྒོར་དུང་ཕྱུར་ལྔ་བྱེ་བ་བདུན་བཏང་།
ལམ་ལུགས་གསུམ་འཐུས་ཚང་དུ་བཏང་ནས“སྨན་བཅོས་བྱེད་པའི་སེམས་ཁྲལ”སེལ། ནོར་སྲིད་ཁ་གསབ་དང་མི་སྒེར་གྱི་མ་དངུལ་གྲབས་གསོག་ཚད་གཞི་མཐོར་འདེགས་བཏང་བ་དང་སྒོ་བསྟེན་སྨན་ཁང་གིས་གཅིག་འདོམས་གཏོང་སྤྲོད་ཀྱི་གྲངས་བཅད་དང་གཞི་རྩའི་སྨན་བཅོས་འགན་སྲུང་གི་ཐོབ་ཆ་ཇེ་མཐོར་བཏང་། མཁར་གྲོང་སྡོད་དམངས་ཀྱི་ནད་ཚབས་ཆེན་གྱི་འགན་བཅོལ་ཐོག་མའི་གཏོང་སྤྲོད་ཚད་གཞི་གཅིག་གྱུར་བྱས་ཏེ་དཀའ་ངལ་ཆེ་བའི་མང་ཚོགས་ལ“གཅིག་གཅོག་གཅིག་སྤར”ལག་ཏུ་བསྟར་ནས་ཐོག་མའི་གཏོང་སྤྲོད་བརྒྱ་ཆའི་ལྔ་བཅུ་ཇེ་དམའ་རུ་བཏང་བ་དང་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་གྲངས་གནས་ལྔ་ཇེ་མཐོར་བཏང་། དམིགས་བསལ་ཚབས་ཆེའི་ནད་གཞིའི་རོགས་སྐྱོབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་དང་དབུལ་ཐར་མི་འབོར་ལ་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཚབས་ཆེ་བའི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ལམ་ལུགས་གསུམ་གྱི་འགན་སྲུང་བྱས་རྗེས་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་གྱི་ཕྱོགས་བསྡུས་རྩིས་ཞུའི་བསྡུར་ཚད་ཡོངས་ཁྱབ་ཏུ་བརྒྱ་ཆའི་བརྒྱད་ཅུ་ཡན་ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས། ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་གྱི་སྨན་བཅོས་འགྲོ་གྲོན་མཐོན་པོར་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ནས། སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དམངས་སྲིད་དང་ཞིང་ལས་ཞིང་སྡེ་སོགས་སྡེ་ཁག་ལ་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་གདལ་བཏང་སྟེ། རོགས་སྐྱོབ་ཞབས་ཞུ་དེ“མིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་མི་འཚོལ་བའི”ཕྱོགས་སུ་བསྒྱུར་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ། སྨན་བཅོས་འགན་སྲུང་གི་རོགས་སྐྱོར་སྲིད་ཇུས་ཁག་གིས་དཀའ་ངལ་ཆེ་བའི་མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་ཕན་ཐོགས་ཚད་མི་ཐེངས་ས་ཡ་གསུམ་ཆིག་འབུམ་དགུ་སྟོང་བདུན་བརྒྱ་ལ་སླེབས་པ་དང་། སྨན་བཅོས་འགན་སྲུང་གི་ཐེབས་རྩ་ལས་རིམ་རྩིས་བྱས་ན་སྨན་བཅོས་འགྲོ་གྲོན་སྒོར་ཐེར་ཆེན་གཅིག་དུང་ཕྱུར་དགུ་བྱེ་བ་ལྔ་ས་ཡ་ལྔ་གཏོང་སྤྲོད་བྱས།
“རྒན་པ་གཅིག་དང་བྱིས་པ་གཅིག”གི་ཚོགས་སྤྱིར་དམིགས་ཏེ“ཐད་ཀར་མྱུར་སྤྱོད”ལ་སྐུལ་འདེད་བཏང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ་སོགས་སྒོ་བསྟེན་གྱི་གཅོང་ནད་དང་དམིགས་བསལ་གྱི་ནད་རིགས26བར་མ་ལག་རང་བཞིན་གྱིས་སྡེབ་སྒྲིལ་བྱས་པ་དང་རིམ་དབྱེ་ཁག་དགར་བྱས་ནས་འགན་སྲུང་བྱས་ཤིང་། ལོ་རེར་རྒན་རྒོན་ནད་པ་མི་ཐེངས་དྲུག་འབུམ་ལྷག་ལ་ཕན་ཐོགས་ཡོད། ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ལམ་ལུགས་བཙུགས་རྗེས་ནུས་པ་ཤོར་བ་ཚབས་ཆེན་གྱི་མི་སྣའི་ཁྱིམ་ཚང་བདག་སྐྱོང་གི་ཁུར་པོ་སྔར་བས་ཇེ་ཡང་དུ་བཏང་བ་དང་། ཕྲུ་གུ་སྐྱེ་བའི་འགན་སྲུང་ལ་སྐུལ་འདེད་གཏོང་བའི་ཐད་ཁམས་དམར་ལེན་པའི་གཤགས་བཅོས་དང་སྦྲུམ་རྟེན་གསོ་སྐྱོང་སོགས་སྐྱེ་འཕེལ་རམ་འདེགས་ལག་རྩལ་ཁག9སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་ལྔ་བཅུ་ཟིན་ནས་ལོ་རེར་ཁྱིམ་ཚང2000ལྷག་ལ་ཕྲུ་གུ་སྐྱེ་བའི་འགྲོ་གྲོན་ཁུར་པོ་སྒོར་ས་ཡ་ལྔ་ལྷག་ཇེ་ཡང་དུ་བཏང་། ཕྲུ་གུ་སྐྱེ་བའི་ཕོགས་སྣོན་སྤྲོད་པ་དེ“ཁེ་ལས་བར་བརྒྱུད”ནས“མི་སྒེར་གྱིས་ཐད་ཀར་ལོངས་སུ་སྤྱོད་པར”བསྒྱུར་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཕྲུ་གུ་སྐྱེ་བའི་འགན་བཅོལ་རིམ་རྩིས་བྱས་ན་མི་ཐེངས་སུམ་འབུམ་དགུ་ཁྲི་ཉིས་སྟོང་བརྒྱད་བརྒྱའི་འགན་བཅོལ་ལ་ཞུགས་པའི་ལས་བཟོ་བའི་ཐོབ་ཆ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་བདུན་བྱེ་བ་དགུ་ས་ཡ་བདུན་གཏོང་སྤྲོད་བྱས། སྡོད་དམངས་ཀྱི་ཕྲུ་གུ་སྐྱེ་བའི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་སྲུང་གི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པ་དང་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་འགྲོ་གྲོན་གྱི་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་གཏོང་སྤྲོད་བསྡུར་ཚད་བརྒྱ་ཆའི་བདུན་ཅུ་ཡན་ཟིན་ཡོད།