ཟླ་དང་པོའི་ཚེས3ཉིན། “ཤུལ་བཞག་འགྲེམ་སྟོན་གྱི་གཟི་ཉམས། དགུན་དུས་ཡུས་ཧྲུའུ་ཡུལ་སྐོར”ཞེས་པའི་དགུན་དུས་ཡུལ་སྐོར་མུ་འབྲེལ་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་མཇུག་བསྒྲིལ། དུས་ཡུན་ཉིན་ལྔ་རིང་གི་གཟུགས་འདས་ཤུལ་བཞག་རིག་གནས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་རྒྱས་ཚོགས་འདི་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པའི“འཐབ་ཇུས་གཉིས”གསོན་ཉམས་དོད་པོས་ལག་ལེན་བསྟར་བ་ཞིག་ཡིན་ལ། “གྲང་འཁྱགས་ཐོན་ཁུངས”དེ“བྲིན་རྒྱུག་དཔལ་འབྱོར”ལ་བསྒྱུར་བར་སྐུལ་འདེད་བཏང་བའི་རྒྱལ་ཁའི་འཚོལ་ཞིབ་ཞིག་ཀྱང་ཡིན།
བྱེད་སྒོའི་རིང་དྲ་ཐོག་དང་ཡུལ་དངོས་ནས་འགྲེམ་སྟོན་ལ་ལྟ་མཁན་མི་ཐེངས་ཉིས་འབུམ་ཆིག་ཁྲི་ལས་བརྒལ་བ་དང་རིག་གནས་གསར་གཏོད་ཐོན་རྫས་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཀྱིས་རིམ་རྩིས་བྱས་ན་ཕྱིར་འཚོང་ཡོང་འབབ་སྒོར་ས་ཡ་གསུམ་ལོན་པ་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་ཡུས་ཧྲུའུ་ཡི“ལྗོངས་ཡོངས་དང་དུས་ཚིགས་ཡོངས་དང་དུས་མཚམས་ཡོངས”བཅས་ཀྱི་ཡུལ་སྐོར་ཟོང་རྟགས་བཀྲག་མདངས་ལྡན་པར་བྱས་ཏེ། དགུན་དུས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཚོང་རར་གསོན་ཤུགས་ཆེན་པོ་བསྩལ།
བྱེད་སྒོ་སྤེལ་ཡུལ་དུ་ཁྱད་ཆོས་མངོན་པར་བཀྲ་བ་མང་པོ་ཡོད་པ་དང་སྤྲོ་སེམས་རབ་ཏུ་ཁོལ་ཡོད། གྲོང་ཁྱེར་གཅིག་དང་རྫོང་ལྔའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཡོངས་སུ་མངོན་པ་དང་། ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་དམངས་གཞས་མཉམ་ལེན། རྒྱན་གོས་འཁྲབ་སྟོན་བཅས་རེས་མོས་ཀྱིས་གར་སྟེགས་ཐོག་ཞུགས་པ་དང་འཁྲབ་སྟོན་མི་སྣ500ལྷག་ཡོད། གསར་གཏོད་ཀྱིས་བསྐྲུན་པའི“གཟུགས་འདས་ཤུལ་བཞག་རིག་གནས་ཁྲོམ་འདུས་དང་མཉམ་འདྲེས”ཀྱི་རྣམ་པའི་ཐོག་ནས་སྤུས་ལེགས་ཀྱི་རིག་གནས་གསར་གཏོད་ཁེ་ལས43གཅིག་སྡུད་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་སོགས་སྣ་མང་ཐོན་རྫས་གཅིག་སྡུད་འགྲེམ་ཚོང་བྱས་པ་དང་། རིག་གནས་འགྲེམ་སྟོན་དང་འཛད་སྤྱོད་ཀྱི་ཡུལ་རྣམ་མཉམ་འགུལ་གཏིང་ཟབ་བྱས་ནས་ལྟད་མོ་བ་ལྔ་ཁྲི་ལྷག་ཡུལ་དངོས་སུ་ལྟ་རུ་ཡོང་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཁྱབ་སྤེལ་གྱི་མཐའ་མཚམས་དང་ཐོན་ལས་རིན་ཐང་བར་སྟོང་རྒྱ་སྐྱེད་ནུས་ལྡན་བཏང་། ཡུས་ཧྲུའུ་ཡི་ཐུན་མིན་གྱི་གངས་འཁྱགས་སྐྱེ་ཁམས་ཐོན་ཁུངས་ལ་དམིགས་ཏེ་མཐོ་སྒང་དགུན་རྐྱལ་གྱི་མཐར་སོན་འགྲན་སློང་བྱེད་སྒོ་སྤེལ་ནས་དགུན་རྐྱལ་ལ་དགའ་མཁན་མང་པོ་ཞིག་བཀུག་ནས་འགྲན་བསྡུརIPཡི་འགྱེད་འཕྲོ་ལ་བརྟེན་ནས་ལྟ་མཁན་ཁྱབ་རྒྱ་ཆེ་བར་གྱུར། དགུན་དུས་ཡུལ་སྐོར་གྱི་ཉམས་ཞན་སེལ་ཐུབ་པར་བྱས་པ་མ་ཟད། “ལུས་རྩལ་དང་རིག་གནས་ཡུལ་སྐོར། སྐྱེ་ཁམས”བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་བཏོད་ཡོད།