སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོས་ལོ་གསར་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་པ་དང་གྲོང་མིས་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་གསར་པ་ལོངས་སུ་སྤྱད།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ལུགས་གསར་ལོ་གསར་གྱི་གུང་གསེང་སྐབས་སུ། པེ་ཅིང་གིས“རྔ་ཅོང་མཉམ་དཀྲོལ་དང་པེ་ཅིང་མཁར་རྣམ་པར་བརྒྱན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། རྣམ་པ་གསར་པ་བཀོད་སྒྲིག་དང་བར་སྟོང་གསར་པ་བསྐྲུན་ཏེ། རྒྱལ་སའི་གུང་གསེང་སྐབས་ཀྱི་འཛད་སྤྱོད་ཁྲོམ་རར་སྒུལ་ཤུགས་ཆེན་པོ་བསྩལ།

པེ་ཅིང་གིས་རིག་གནས་ལ་བརྟེན་ནས་འཛད་སྤྱོད་ལ་སྒུལ་ནུས་བསྩལ་ཏེ། ལུགས་གསར་ལོ་གསར་དཔལ་འབྱོར་གྱི་རྣམ་པ་གསར་པ་བསྐྲུན། གྲོང་ཁྱེར་ཡོངས་ཀྱི་གློག་བརྙན་ཁང་བརྒྱ་ལ་ཉེ་བས་ལས་གཉེར་དུས་ཚོད་ཇེ་རིང་དུ་བཏང་ཞིང་། གློག་བརྙན་ཁང་གཙོ་བོ་བཅུ་ལྷག་གིས་མཚན་གང་བོར་སྒོ་མ་བརྒྱབ་པར། ཁག་དང་པོའི“གློག་བརྙན་ཁང་གི་བར་སྟོང་གསར་པ”12དངོས་སུ་འགྲེམ་སྟོན་བྱས། གློག་བརྙན་ཁང་གིས་ད་དུང་མཐའ་འཁོར་གྱི་ཚོང་རར་མཉམ་འགུལ་བྱས་ནས།“སྤ་སེ་གཅིག་གིས་ལོངས་སྤྱོད་མང་བའི”གཟིགས་སྐྱོང་བཏོན་ཏེ།  ཁུལ་ཁོངས་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་བྱས།

འཛད་སྤྱོད་པ་སྐུ་ཞབས་ཆི་ཡིས་བཤད་རྒྱུར། སྤ་སེ་འདི་འཁྱེར་ནས་ཚོང་རར་སོང་ན་ད་དུང་གཟིགས་སྐྱོང་གི་བྱེད་སྒོ་མང་པོ་ཡོད། ངའི་བསམ་པར་གྱོང་རེག་མེད་པར་འདོད་ལ། འདི་ལྟར་བྱས་ན་ང་ཚོར་སྔར་ལས་ཕན་ཁེ་མང་པོ་ཐོབ་ཡོད་པ་ཚོར་ཟེར།

དུས་ཆེན་སྐབས་སུ། “པེ་ཅིང་གི་ལོ་གསར་རོལ་དབྱངས་སྤྲོ་ཚོགས”49དང་། ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན800ལྷག་ཡོད་པ་དང་། ལྟེ་གནས་ཕལ་པའི་འཛུགས་སྐྲུན་ཆེན་པོ་གསུམ་ནས་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་བར་དུ། གྲོང་ཁྱེར་ཡོངས་ཀྱི་སྒྱུ་རྩལ་གྱི་སྤྲོ་སེམས་འཕེལ་དུ་བཅུག ཝན་ལིས་སོགས་ཚོང་རས་བརྗོད་བྱ་གཙོ་བོའི་སྤྲོ་ཚོགས་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་བ་དང་། དུས་མཚུངས་སུ་ལས་གཉེར་དུས་ཚོད་ཇེ་རིང་དུ་བཏང་ནས། མཚན་མོའི་དཔལ་འབྱོར་ལ་སྐུལ་སློང་བྱས། ཇ་སྐོལ་བ་དང་གངས་འཁྱགས་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར་སོགས་བརྗོད་དོན་གཙོ་བོའི་ལམ་ཐིག30ཡི་ས་ཁོངས་ཡོངས་ཀྱི་མཛེས་ལྗོངས་ཁུལ་དང་མཉམ་འགུལ་བྱས་ཏེ། འཛད་སྤྱོད་ཀྱི་སྒུལ་ནུས་སྔར་ལས་ཇེ་ཆེ་རུ་གཏོང་རྒྱུ་རེད། ལུགས་གསར་ལོ་སར་གྱི་སྐབས་སུ། པེ་ཅིང་གིས་ཡུལ་སྐོར་བ་མི་ཐེངས་ས་ཡ་བརྒྱད་ལྷག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ལ་ཁྱོན་སྒོར་ཐེར་ཆེན་གཅིག་དུང་ཕྱུར་དགུ་བྱེ་བ་བདུན་བཏང་ནས། ལུགས་གསར་ལོ་སར་གྱི་སྐབས་ཀྱི་ཟིན་ཐོ་གསར་པ་བསྐྲུན།“རིག་གནས་དང་ཚོང་ལས”“རིག་གནས་ཡུལ་སྐོར་དང་འཛད་སྤྱོད”བཅས་ཀྱི་ས་ཁོངས་ཡོངས་ཀྱི་མཉམ་འགུལ་བྱེད་སྟངས་བརྒྱུད་དེ། པེ་ཅིང་གིས་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་བརྟེན་ནས། མཁོ་སྤྲོད་དང་དགོས་མཁོའི་སྣེ་གཉིས་མཉམ་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་དུས་ཆེན་ལ་དཔལ་འབྱོར་གྱི་གསོན་ཤུགས་གསར་བ་བསྩལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།