ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་འགོག་སྲུང་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་འཆར་གཞི་བཟོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་མཇུག་གི་བདེ་འཇགས་འགོག་སྲུང་བྱ་བ་ཏན་ཏིག་གིས་བསྒྲུབ་ཆེད། 2025ལོའི་ཟླ12པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྡ་སྦྱོར་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དཀྲི་བྱེད་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་ལས་དོན་ཚན་ཁག་དང་ལས་འགན་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་འགན་སྲུང་བྱས།

མིག་སྔར། མིའི་འགྲུལ་བཞུད་དང་དངོས་ཟོག་སྐྱེལ་འདྲེན། རླངས་འཁོར་འཁོར་རྒྱུག་བཅས་དང་། གློག་དང་མེ། སོལ་རླངས་བཅས་ཀྱི་བཀོལ་སྤྱོད་ཇེ་མང་དུ་སོང་ཡོད་པས། ཐོན་སྐྱེད་ཚོང་གཉེར་གྱི་བྱ་འགུལ་སྣ་ཚོགས་དར་རྒྱས་ཆེ་བ་དང་། བདེ་འཇགས་དང་ཉེན་ཁ་མཉམ་གནས་ཡིན་པ། བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་བདེ་འཇགས་དོན་རྐྱེན་འབྱུང་ཐེངས་མང་བ་དང་འབྱུང་སླ་བའི་དུས་སྐབས་སུ་སླེབས་ཡོད། རང་ཞིང་གིས་བདེ་འཇགས་ཉེན་ཁར་དབྱེ་ཞིབ་དང་ཞིབ་དཔྱད་གཏིང་ཟབ་བྱེད་པ་དང་། བདེ་འཇགས་སྔོན་འགོག་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་དམ་འཛིན་བྱས་ནས། ཆབ་སྲིད་འགན་འཁྲི་བདེ་འཇགས་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེལོ་ལྔའི་འཆར་འགོད་བཅོ་ལྔ་པའིམགོ་ཡག་པོ་ཚུགས་པ་དང་གོམ་སྟབས་བརྟན་པོ་ཡོང་ཆེད་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

ཐོན་སྐྱེད་བདེ་འཇགས་ཀྱི་ཉེན་ཁར་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ། ཁང་བརྩེགས་མཐོན་པོའི་འཛུགས་སྐྲུན་གྱི་མེ་སྐྱོན་གྱི་ཉེན་ཁ་ཚབས་ཆེན་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་བྱ་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མཛུབ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བྱ་འགུལ་ཆེ་གྲས་ཀྱི་ཞིབ་བཤེར་ཆོག་མཆན་ལ་ནན་ཏན་བྱས་ཏེ། མི་མང་འདུས་ས་དང་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གྱི་བདེ་འཇགས་ཡིན་པ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱེད་དགོས། མེ་ཟོན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ལས་གྲྭའི་འཛུགས་སྐྲུན། གཏེར་རི། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། བཟོ་ཚོང་དངོས་ཟོག ཤོག་སྦག གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་དང་། སློབ་གསོ། རིག་གནས་ཡུལ་སྐོར། དམིགས་བསལ་སྒྲིག་ཆས། ནུས་ཁུངས་གློག་ཤུགས་སོགས་བདེ་འཇགས་སྔོན་འགོག་གི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། རྡོ་སོལ་དང་གློག་རྫས། སྣུམ་རླངས་སོགས་དམངས་འཚོ་ནུས་པའི་བདེ་འཇགས་ཐོན་སྐྱེད་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་སྣ་ཚོགས་ཕྱོགས་ཡོངས་ནས་དག་བཤེར་བཅོས་སྐྱོང་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་པོར་བསྲུང་དགོས།

མང་ཚོགས་གུང་གསེང་སྐབས་ཡུལ་སྐོར་ལ་འགྲོ་བའི་བདེ་འཇགས་འགན་སྲུང་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་པ་དང་། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། གྲོས་མོལ་དང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། དོ་དམ་ཚོད་འཛིན་ལ་སྣེ་ཁྲིད་དང་གནོད་འཚེའི་ཉེན་ཁ་ལ་དྲན་སྐུལ་ལེགས་པོ་བྱས་ཏེ། མཛེས་ལྗོངས་སོགས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་ཚོང་གཉེར་སྡེ་ཁག་གི་འགན་འཁྲི་གཙོ་བོ་ནན་དཀྲི་བྱེད་པ་དང་། དམིགས་བསལ་སྒྲིག་ཆས་སོགས་སྒྲིག་ཆས་སྒྲིག་བཀོད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་ཡུལ་སྐོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ཁྲིམས་འགལ་གྱི་ཐོན་སྐྱེད་ཚོང་གཉེར་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་ནས་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་འབྱུང་བར་སྔོན་འགོག་དང་བཀག་འགོག་ནུས་ལྡན་བྱེད་དགོས། ལས་རེས་སྟོབས་ཤུགས་ཆ་ཚང་དང་སྟོབས་ལྡན་དུ་གཏོང་བ་དང་། ཆུ་ཚོད24རིང་ཆེད་མངགས་ལས་རེས་པ་དང་་མགོ་ཁྲིད་ལས་བྱེད་པས་ལས་གནས་སུ་ལས་ཁྲིད་བྱེད་པ་དང་། ཕྱི་རོལ་འགྲོ་ན་སྙན་སེང་ཞུ་དགོས་པ། ཆ་འཕྲིན་གོང་རིམ་ལ་སྤྲོད་པ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། སྙན་སེང་བྱ་རྒྱུ་འཐུས་ཤོར་འབྱུང་བ་གཏན་འགོག་བྱེད་དགོས། འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་སྔོན་ལ་བཀོད་སྒྲིག་བྱས་ཏེ་བྱེད་སྒོ་གལ་ཆེན་དང་། གཙོ་གནད་ས་ཁོངས། གཙོ་གནད་དུས་མཚམས་བཅས་སུ་བཅའ་སྡོད་བྱས་ཏེ་མགྱོགས་མྱུར་དང་ལེན་དང་། ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་པ། ནུས་ལྡན་སྒོས་ཐག་གཅོད་བཅས་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།