2025ལོའི་ཟླ12པའི་ཚེས29ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས”གཙོ་ཡིན་པའི་ཕྲེང་ལྟར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྨན་བཅོས་འགན་སྲུང་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ནི་མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་གི་ལས་དོན་བཅོས་སྒྱུར་བྱེད་ཤུགས་ཆེས་ཆེ་བ་དང་འཕེལ་རྒྱས་ཀྱི་མྱུར་ཚད་ཆེས་མགྱོགས་པ། མང་ཚོགས་ཀྱི་ཐོབ་སྣང་ཆེས་ཆེ་བའི་དུས་སྐབས་ཤིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གིས་བྱེད་ཐབས་བཟང་བོ་རབ་དང་རིམ་པ་སྤྱད་དེ་དམངས་འཚོའི་དཀའ་གནད་ཐག་གཅོད་བྱས་པ་དང་། སྨན་བཅོས་འགན་སྲུང་དྲ་བ་སྔར་ལས་དམ་ཟབ་དང་ཞབས་ཞུ་སྔར་བས་ལེགས་པོ་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད། 2025ལོར་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་ལས་འགན་ལེགས་གྲུབ་ཚད100.69%ཟིན་པ་དང་། འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ལ། བསྟུད་མར་ལོ་གསུམ་ནང་རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་འགན་བཅོལ་ནང་ཞུགས་པའི་ལས་འགན་ཚད་བརྒལ་ཡོངས་འགྲུབ་བྱས་ཡོད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། མཚོ་སྔོན་གྱིས་རྩེ་རིམ་ཇུས་འགོད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་སྨན་བཅོས་རོགས་སྐྱོབ་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་བྱེད་འགོ་བརྩམས་ལ། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་། ནད་ཚབས་ཆེན་གྱི་འགན་སྲུང་། སྨན་བཅོས་རོགས་སྐྱོབ་ལམ་ལུགས་བཅས་ཕྱོགས་ཡོངས་ནས་བསྐྲུན་ཡོད།《སྨན་བཅོས་འགན་སྲུང་ཐོབ་ཐང་གི་རྩིས་ཐོའི་ལམ་ལུགས་འཛུགས་པའི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ཏེ་སྔོན་ལ་བཏོན་པ་དང་། ཐབས་ཇུས་ཀྱི་དབང་ཚད་ཚད་ལྡན་དུ་བཏང་ལ། སྲིད་ཇུས་ཀྱི་བྱེད་ཕྱོགས་ཀྱང་གསལ་བོ་བྱས། ལས་བཟོ་བའི་སྨན་བཅོས་འགན་སྲུང་གི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དང་ཡུན་རིང་གི་ནད་གཡོག་ཉེན་ཚབ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། “མཚོ་སྔོན་གྱི་བདེ་ཐང་འགན་སྲུང”ལག་བསྟར་གཏིང་ཟབ་ཏུ་བཏང་བ་མ་ཟད། ཚོང་ལས་ཀྱིས་སྨན་བཅོས་འགན་སྲུང་ལ་ཁ་གསབ་བྱེད་པའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད།
ཐོབ་ཐང་གི་འདེགས་ཚད་དང་ཁྱབ་ཁོངས་རྒྱ་བསྐྱེད་པ་དེ་གཞི་འཛིན་སར་བྱས་ནས། “མཐའ་ཚད”ནས“སྤུས་འདེགས”སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། སྲིད་ཇུས་ཀྱི་བྱེད་ཐབས་དངོས་ལ་བརྟེན་ནས་མང་ཚོགས་ཀྱིས་སྨན་བཅོས་དང་སྨན་ཁང་དུ་སྡོད་པར་འགན་སྲུང་ཡོད་པ་དང་། སྨན་བཅོས་དང་སྨན་རྫས་ཉོ་བར་ཕན་པ་དངོས་ཐོན་པར་བྱས།“སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་མཉམ་འགུལ། གཞི་རིམ་མཉམ་སྦྲེལ”གྱི་འགན་སྲུང་ནང་ཞུགས་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། དྲིལ་བསྒྲགས་སྐུལ་སློང་དང་། ཞབས་ཞུ་མཐོར་གཏོང་། སྲིད་ཇུས་ལེགས་བསྒྱུར་བཅས་ཀྱི་ཐད་ཤུགས་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ། གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་ཚད་རྒྱ་བསྐྱེད་དང་འགག་སྒྲོལ་བྱེད་དགོས། སྨན་བཅོས་འགན་སྲུང་གི་ཕྱོགས་བསྡུས་རོགས་སྐྱོར་རྐྱེན་སྲོལ་མུ་མཐུད་འཐུས་ཚང་དུ་བཏང་ནས། དོན་དག་གི་རྗེས་སུ་དབུལ་སྐྱོར་བྱེད་པ་ནས་དོན་དག་གི་སྔོན་ལ་དབུལ་ཕོངས་སྔོན་འགོག་བྱ་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གཙོ་གནད་མི་ཚོགས་སྨན་བཅོས་འགན་སྲུང་ནང་ཞུགས་ཚད་བརྒྱ་ཆའི99ཡན་ལ་སླེབས་ཡོད་པ་དང་། ཞག་སྡོད་ཀྱི་འགྲོ་གྲོན་རྩིས་ཞུ་བྱེད་ཚད་བརྒྱ་ཆའི80ཡན་སྲུང་འཛིན་བྱས་ཡོད་པས། འགན་སྲུང་ལམ་ལུགས་ཀྱིས་བསྡོམས་པའི་དཀའ་ངལ་ཡོད་པའི་མི་ས་ཡ་གསུམ་དང་འབུམ་གཅིག་སྟོང་དགུ་ལྷག་ལ་ཕན་པ་ཐོབ་པ་དང་། སྨན་བཅོས་ཀྱི་འགྲོ་གྲོན་འགན་འཁུར་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་དགུ་བྱེ་བ་ལྔ་ས་ཡ་ལྔ་ཇེ་ཡང་དུ་བཏང་།
རྒྱུན་རྣམ་ཅན་གྱིས་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་སྡུད་འཚོལ་བསྡུ་བྱས་ཏེ། སྔ་རྗེས་སུ་སྨན་རྫས་སྣ1202དང་། ཟད་གྲོན་རྒྱུ་ཆ་རིགས127གཅིག་སྡུད་འཚོལ་བསྡུ་བྱས་ལ། ཆ་སྙོམས་ཀྱི་མར་ཆག་ཚད50%ཡན་ཟིན་ཡོད། རྒྱལ་ཡོངས་སུ་སྔོན་ལ་བོད་སོག་སྨན་ཁང་གི་སྡེབ་སྦྱོར་ཀྱི་དཀར་ཆག་སྨན་བཅོས་འགན་སྲུང་ནང་འཇུག་དགོས་པ་མ་ཟད་མུ་མཐུད་དུ་ལེགས་སྒྱུར་བྱེད་དགོས། མིག་སྔར་རིགས531དང་སྣ3200ཡོད་པ་དེས་རྒྱལ་ཡོངས་ཀྱི་མི་རིགས་སྨན་བཅོས་དོ་དམ་བྱེད་པར་མཚོ་སྔོན་གྱི་ཉམས་མྱོང་འཚོལ་ཞིབ་བྱས་ཡོད། སྨན་བཅོས་འགན་སྲུང་སྨན་རྫས་ཀྱི་དཀར་ཆག་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཇེ་ལེགས་སུ་བཏང་བ་དང་། སྣ60ཡི་ས་གནས་ཀྱི་མི་རིགས་སྨན་རྫས་དང་སྣ150ཡི་བོད་སྨན་བཏུང་རྫས་དེ་སྨན་བཅོས་འགན་སྲུང་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པས། རིགས་སོ་སོའི་མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོ་སྔར་ལས་སྐོང་ཐུབ་པ་བྱུང་ཡོད།