2025ལོའི་ཟླ12པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི2026ལོའི་དགུན་སྐྱེལ་ཆུ་བྱར་དུས་མཉམ་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་འགོ་བརྩམས་པ་དང་། དེའི་དམིགས་ཡུལ་ནི་རང་རེའི་ཞིང་ཆེན་གྱི་དགུན་སྐྱེལ་ཆུ་བྱའི་རིགས་དང་གྲངས་ཚད། ཁྱབ་ཚུལ། འགུལ་རྣམ་འགྱུར་ལྡོག་བཅས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། རང་རེའི་ཞིང་ཆེན་གྱི་དགུན་དུས་ཆུ་བྱ་སྲུང་སྐྱོང་གི་ཕན་འབྲས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་འཇོག་བྱེད་ཆེད་ཡིན།
ཞིང་ཆེན་ཡོངས་ཀྱི་དགུན་སྐྱེལ་ཆུ་བྱ་ལ་དུས་མཉམ་དུ་ལྟ་ཞིབ་ཚད་ལེན་བྱེད་པ་ནི། ཞིང་ཆེན་ཡོངས་ཀྱི་འདབ་ཆགས་གནས་སྤོར་ལམ་ཐིག་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་མ་ལག་འཛུགས་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་ཀྱི་དགུན་སྐྱེལ་ཆུ་བྱར་དུས་མཉམ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་གྱི་བླང་བྱ་གཞིར་བཟུང་ནས། ལྟ་ཞིབ་ཚད་ལེན་ལས་དོན་དེ་ཟླ1པའི་ཚེས5ཉིན་ནས་ཚེས15ཉིན་བར་རྒྱལ་ཡོངས་དང་དུས་མཉམ་དུ་སྤེལ་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྫོང་དང་གྲོང་ཁྱེར13གྱི་བརྟག་དཔྱད་བྱེད་གནས25ལ་ཁྱབ་པའི་དགུན་སྐྱེལ་ཆུ་བྱར་དུས་མཉམ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་རེད།
ལས་དོན་དེ་མཚོ་སྔོན་དུ་བསྟུད་མར་ལོ་བཞིར་སྤེལ་ཡོད། ས་གནས་སོ་སོས་བཀོད་སྒྲིག་ཞིབ་ཚགས་དང་འགན་འཁྲི་དོན་འཁྱོལ་བྱེད་པ། འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་སོ་སོའི་ལྟ་ཞིབ་ཚད་ལེན་གྱི་སྟོབས་ཤུགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། དུས་ཡུན་ཐུང་ངུའི་ནང་གི་ལས་ཆོད་ཆེ་བའི་མཐུན་སྦྱོར་གཅིག་གྱུར་གྱིས་དུས་མཉམ་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བ་དང་། དུས་མཉམ་ལྟ་ཞིབ་ཚད་ལེན་ལག་རྩལ་ཇུས་གཞི་ལག་བསྟར་ནན་མོ་བྱེད་པ་དང་ལྟ་ཞིབ་ཚད་ལེན་བྱེད་ཐབས་ཀྱི་ཚད་གཞི་གཅིག་གྱུར་བྱས་ཏེ། ལས་ཀའི་མྱུར་ཚད་ལ་བཀོད་སྒྲིག་ལུགས་མཐུན་བྱས་ནས་སྤུས་ཚད་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱ་རྒྱུ་རེད། དུས་མཉམ་ལྟ་ཞིབ་ཚད་ལེན་མ་བྱས་གོང་དུ། ས་གནས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀུན་གྱི་སྔོན་ལ་བརྟག་དཔྱད་བྱས་ཏེ། དགུན་སྐྱེལ་ཆུ་བྱའི་རིགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་གསལ་པོར་ཤེས་སུ་འཇུག་པ་དང་གཞི་གྲངས་དོ་དམ་ནན་མོ་སོགས་བྱས་ནས། ལྟ་ཞིབ་ཚད་ལེན་ལས་དོན་ལ་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ལྟ་ཞིབ་ཚད་ལེནAppསྤྱད་དེ། གཞི་གྲངས་ཐོ་འགོད་བྱེད་པ་དང་གཞི་གྲངས་ཀྱི་གཅིག་མཐུན་རང་བཞིན་དང་བདེ་འཇགས་རང་བཞིན་ལ་འགན་ལེན་བྱེད་པ་དང་། ལྟ་ཞིབ་ཚད་ལེན་གྱི་ཕྱི་རོལ་བྱ་བ་ཡོངས་འགྲུབ་བྱས་རྗེས། དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་གྱི་གྲངས་ཚད་བྱིན་ནས། ལྟ་ཞིབ་ཚད་ལེན་ལས་དོན་གྱི་དུས་མཉམ་རང་བཞིན་ལ་འགན་སྲུང་བྱ་རྒྱུ་རེད།