2025ལོའི་ཟླ12པའི་ཚེས30ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། མཚོ་སྔོན་གྱིས་རྒན་པའི་བདེ་ཐང་དང་རྒན་གསོའི་ལྟེ་བའི་དགོས་མཁོར་དམིགས་ཏེ། མ་ལག་རང་བཞིན་ལྡན་པའི་སྒོ་ནས་བདེ་ཐང་རྒྱབ་སྐྱོར་བྱེད་པའི་མ་ལག་བཙུགས་པ་དང་། རྒན་གསོའི་ལས་དོན་མངོན་འགྱུར་ལ་སྐུལ་འདེད་བྱེད་པར་ཐོལ་བརྒལ་གསར་པ་བསྐྲུན་ནས། ཁྱིམ་དུ་སྡོད་པ་དང་། སྡེ་ཁུལ་དང་ལས་ཁུངས་ཕན་ཚུན་མཐུན་སྦྱོར་བྱེད་པའི་རྣམ་པ་ཆགས་ཏེ། སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་བྱེད་པའི་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་པ་རིམ་བཞིན་ཆགས།
མཚོ་སྔོན་གྱིས་མུ་ཕྲེང་ཡོངས་ཀྱི་རྒན་པའི་བདེ་ཐང་ཞབས་ཞུའི་ལམ་ལུགས་ཀྱི་སྒྲོམ་གཞི་བཙུགས་ཡོད་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། བསྡོམས་པའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བདུན་བཏང་ནས་རྒན་གསོའི་རྨང་གཞིའི་སྒྲིག་བཀོད754གསར་སྐྲུན་དང་། བསྐྱར་སྐྲུན། རྒྱ་བསྐྱེད་བཅས་ལ་སྐུལ་འདེད་བཏང་སྟེ། རྫོང་རིམ་པའི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་མཛུབ་ཁྲིད་ལྟེ་གནས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། རྒན་གསོའི་གནས1403དུ“གྲོང་ཁྱེར་སྐལ་ཅིག་མ”དང“ཞིང་སྡེའི་རོགས་རེས”ཀྱི་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་གྲུབ་ཡོད།
ཞིང་ཆེན་ཡོངས་ཀྱིས་རྒན་པའི་བདེ་ཐང་དོ་དམ་ཁྱབ་རྒྱ་མུ་མཐུད་དུ་ཆེ་རུ་བཏང་ནས། ལོ་རེར་ཁ་གསབ་མ་དངུལ་སྒོར་བྱེ་བ་ལྔ་བཏང་སྟེ་ལོ65དང་དེའི་ཡན་ཆད་ཀྱི་རྒན་པར་རིན་མེད་ཀྱིས་བདེ་ཐང་བརྟག་དཔྱད་བྱས་པ་དང་། རྒན་པ་འབུམ་བཞི་དང་ཁྲི་དགུ་སྟོང་བདུན་དྲུག་བརྒྱ་གཙོ་གནད་མི་ཚོགས་ཀྱི་ཁྱིམ་ཚང་གི་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུའི་ནང་བཅུག་ལ། ལོ80ཡན་ཆད་ཀྱི་རྒན་པར་གན་རྒྱ་འཇོག་པའི་ཞབས་ཞུ་ཡོངས་སུ་ཁྱབ་ཡོད། 2024ལོར་ནུས་ཤོར་རྒན་པའི“བདེ་ཐང་སྒོ་རྡུང་བྱ་སྤྱོད”སྤེལ་ནས་ནུས་ཤོར་རྒན་པའི་བདེ་ཐང་དོ་དམ་ཚད་ལྡན་དུ་བཏང་། རྒན་པའི་ནུས་པར་དཔྱད་འཇོག་དང་ཁྱིམ་ཚང་རྒན་འཕྲོད་ཅན་དུ་བསྒྱུར་བཀོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ནུས་ཤོར་རྒན་པར་སྡེ་ཁུལ་གྱིས་རོགས་སྐྱོར་བྱེད་ཚད་དང་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་རྒན་པར་ཟླ་རེའི་མཚམས་འདྲི་བྱེད་ཚད100%ཟིན་པས། ཁྱིམ་དུ་སྡོད་པའི་ནུས་ཤོར་རྒན་པའི་འཚོ་བའི་སྤུས་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད།
ནུས་ཤུགས་ཡོད་རྒུས་སྨན་བཅོས་ལས་ཁུངས་ཀྱིས་རྒན་པར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་ནས། རིམ་པ་གཉིས་པ་དང་དེའི་ཡན་ཆད་ཀྱི90%ཕྱོགས་བསྡུས་སྨན་ཁང་དུ་རྒན་པའི་གསོ་རིག་ཚན་ཁག་གསར་དུ་བཙུགས་པས། རྒན་པའི་ནད་རིགས་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་སྨན་ཁང་སོ་བརྒྱད་དུ་ཁམས་གསོའི་ཚན་ཁག་བཙུགས་ཡོད་ལ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཀྲུང་བོད་ལུགས་ཀྱི་སྨན་བཅོས་ཞབས་ཞུ་སྤེལ་བའི་ཁྲོད། རྒན་པའི་ཀྲུང་བོད་ལུགས་སྨན་རྫས་ཀྱི་བདེ་ཐང་དོ་དམ་ཚད་བརྒྱ་ཆའི74.05ལ་སླེབས་ཡོད། “སྤྱི་ཚོགས་ཀྱི་ལས་བཟོ་བ་དང་དང་བླངས་པ་སྨན་ཁང་དུ་བསྐྱོད་པའི”རྣམ་པ་གསར་པ་ཁྱབ་སྤེལ་བཏང་སྟེ། ཞིང་ཆེན་རིམ་པའི་སྨན་ཁང5རུ་དཀའ་ངལ་ཡོད་པའི་རྒན་པར་སྨན་བཅོས་ཞབས་ཞུ་མི་ཐེངས་འབུམ་དགུ་ལྷག་མཁོ་འདོན་བྱས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ཁྱིམ་ཚང་གི་སྨན་པར་གན་རྒྱ་འཇོག་པར་བརྟེན་ནས། ལོ་ན་མཐོ་བ་དང་ནུས་ཤོར་རྒན་པར་ཁྱིམ་དུ་ནད་རྟག་བྱེད་པ་སོགས་རང་གཤིས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་ཀྱིན་ཡོད།
མཚོ་སྔོན་གྱིས2020ལོར་ཞི་འཇམ་སྨན་བཅོས་སྲུང་སྐྱོང་གཙོ་གནད་ལས་འགན་དུ་བཞག་པ་ནས་བཟུང་། ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། རིམ་པ་གསུམ་པ་དང་རིམ་པ་གཉིས་པ། རིམ་པ་དང་པོ་བཅས་ཀྱི་སྨན་བཅོས་ལས་ཁུངས་ཞི་འཇམ་སྨན་བཅོས་སྲུང་སྐྱོང་གི་ཞབས་ཞུའི་གྲོན་དངུལ་ལ་ཚད་གཞི་གསལ་བོ་བཟོས་ནས་རིག་ཚན་མང་བའི་ཞབས་ཞུའི་ཚོགས་པ་བཙུགས་ཡོད། དེ་དང་ཆབས་ཅིག སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཀྱི་གྲོས་མཐུན་མཉམ་ལས་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་བ་དང་། རྒན་གསོའི་ལས་ཁུངས་ནང་ཁུལ་དུ་སྨན་བཅོས་ལས་ཁུངས་བཙུགས་པ་མ་ཟད་སྨན་བཅོས་འགན་བཅོལ་གཏན་འཁེལ་གྱི་ཁོངས་སུ་འཇུག་རྒྱུར་རྒྱབ་སྐྱོར་བྱས་པས། མཚོ་འཕགས་མཐོ་བའི་ས་ཁུལ་གྱི་རྒན་གསོའི་ལས་ཁུངས་ཀྱི་དབྱང་བཟོའི་སྒྲིག་ཆས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།