2025ལོའི་ཟླ12པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་བསྒྲགས་པའི་གཏམ་བཟང་ལྟར་ན། G6པེ་ཅིང་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་ཉི་ཟླ་རི་བོའི་ཞབས་ཞུའི་ཁུལ(ཟི་ལིང་ནས་རིག་སྨོན་གཞུང་བར)སོགས“ཁ་ལོ་བའི་གཞིས་ཁྱིམ”4འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་སྐོར་གསུམ་པའི་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ463གྱི“ཁ་ལོ་བའི་གཞིས་ཁྱིམ”གྱི་མིང་ཐོའི་ནང་བདམས།
ཐེངས་འདིར་བདམས་པའི“ཁ་ལོ་བའི་གཞིས་ཁྱིམ”བཞི་ནི་མཱ་ཁྲང་ཐན་ཞབས་ཞུའི་ཁུལ་དང་། ཉི་ཟླ་རི་བོའི་ཞབས་ཞུའི་ཁུལ། ལའོ་ཏུའུ་ལྷོ་ཕྱོགས་ཀྱི་ཞབས་ཞུའི་ཁུལ། ལའོ་ཏུའུ་བྱང་ཕྱོགས་ཀྱི་ཞབས་ཞུའི་ཁུལ་བཅས་ཀྱི་ཁ་ལོ་བའི་གཞིས་ཁྱིམ་ཡིན། “ཁ་ལོ་བའི་གཞིས་ཁྱིམ”ཚད་ལྡན་ཅན་དང་གཞི་ཁྱོན་ཅན་དུ་མཐོར་འདེགས་གཏོང་བའི་རྣམ་གྲངས་སྤེལ་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་བརྡ་ཐོའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ལས་གཞི་དེ་དམངས་འཚོའི་བཟོ་སྐྲུན་དང་དྲོད་ཁོལ་བཟོ་སྐྲུན་སོགས་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་པའི་ངལ་གསོ་བའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ནས། “ཁ་ལོ་པའི་གཞིས་ཁྱིམ”འཛུགས་སྐྲུན་བཀོད་སྒྲིག་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་པའི་ངལ་གསོ་བྱེད་སའི་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད།
མིག་སྔར།“ཁ་ལོ་པའི་གཞིས་ཁྱིམ”བཞིས་ངལ་གསོ་དང་། བཟའ་བཏུང་། ལུས་འཁྲུད། གོས་འཁྲུད། བཅའ་ཁྲིམས་བློ་འདྲི། འཕྲལ་བསྟུན་རོགས་སྐྱོབ་སོགས་བྱེད་ནུས་མང་པོ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་བསྐྲུན་ནས། ཕྱོགས་ཡོངས་ནས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་པའི་ཕྱིར་སྐྱོད་ཞབས་ཞུའི་དགོས་མཁོ་བསྐང་ཡོད།