2025ལོའི་ཟླ12པའི་ཚེས30ཉིན། 2025ལོའི་ཀྲུང་གོའི་གློག་བརྙན་ཐུང་ངུའི་མཛད་སྒོ“གསེར་གྱི་སྦྲང་བྱིའུ་བྱ་དགའི”འགྲན་བསྡུར་གྱི་དཔྱད་འདེམས་འབྲས་བུ་པེ་ཅིང་དུ་ཁྱབ་བསྒྲགས་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་སེ་འབྲུའི་གློག་བརྙན་རིག་གནས་སྨྱན་སྦྱོར་ལས་ཁང་གིས་མཉམ་འབྲེལ་སྒོས་བསྐྲུན་པའི་གློག་བརྙན་ཐུང་ངུ《བདེ་སྐྱིད་ནི་འབད་བརྩོན་ལས་བྱུང་བ་ཡིན》ཞེས་པ་གཟེངས་སུ་ཐོན་ནས། དེ་ལ་གློག་བརྙན་ཐུང་ངུའི་བྱ་དགའ་ཨང་གཉིས་པ་དང“མཛེས་སྡུག་ལྡན་པའི་འཚོ་བའི”ཚན་པའི་དམིགས་བསལ་བྱ་དགའ་ཨང་གཉིས་པ་ཐོབ།
རྒྱུས་ལོན་པ་ལྟར་ན། “གསེར་གྱི་སྦྲང་བྱིའུ་བྱ་དགའ”ནི་ཀྲུང་གོའི་གློག་བརྙན་ཐུང་ངུའི་ཁྱབ་ཁོངས་ཀྱི་དབང་གྲགས་བྱ་དགའི་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་ཀྱི་པུའུ་རིམ་པའི་ལས་ཁུངས16གིས་མཉམ་འབྲེལ་སྒོས་མཛུབ་ཁྲིད་བྱས་པས། གློག་བརྙན་ཐུང་ངུའི་ལས་རིགས་ཀྱི“ཨའོ་སི་ཁའི”མཚན་སྙན་ཐོབ་ཡོད། ཐེངས་འདིའི་འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་བརྩམས་ཆོས་སྟོང་ཕྲག་ཁ་ཤས་འགྲན་བསྡུར་ནང་ཞུགས་པའི་ཡིད་དབང་བཀུག་ཡོད། དཔྱད་འདེམས་ཁྲོད“ཆེད་མཁས་པའི་དཔྱད་ཞིབ་དང་། མང་ཚོགས་ཀྱིས་འདེམས་ཤོག་འཕེན་པ། གཞི་གྲངས་ཀྱི་འདེམས་རོགས”བཅས་ཀྱི་ཕྱོགས་མང་རྐྱེན་སྲོལ་སྤྱད་དེ། དཔྱད་འདེམས་ཀྱི་བརྒྱུད་རིམ་གཟབ་ནན་དྲང་བདེན་ཡོང་བར་ཁག་ཐེག་བྱས།
བྱ་དགའ་ཐོབ་པའི་བརྩམས་ཆོས《བདེ་སྐྱིད་ནི་འབད་བརྩོན་ལས་བྱུང་བ་ཡིན》ཞེས་པ་མཚོ་ནུབ་ཁུལ་གྱི་གྲོང་གསེབ་དར་སྤེལ་རྒྱབ་ལྗོངས་སུ་བྱས་པ་དང་། དངོས་བྱུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ལ་དམིགས་ནས། ས་གནས་མི་དམངས་ཀྱིས་བརྩོན་འགྲུས་འབད་འཐབ་དང་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྙེག་བྱེད་པའི་བསམ་པའི་རྣམ་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། གློག་བརྙན་དེ་སྒྱུ་རྩལ་གྱི་མཚོན་ཚུལ་ཐད་བོད་རིགས་ཀྱི་སྲོལ་རྒྱུན་རོལ་མོ་དང་དེང་རབས་ཀྱི་དབྱངས་འགྲོས་སུ་མཉམ་འདྲེས་བྱས་པ་དང་། མི་རིགས་ཀྱི་ཉམས་འགྱུར་དང་དུས་རབས་ཀྱི་ཉམས་འགྱུར་གཉིས་ལྡན་པར་བྱས་ཡོད།
གླེང་རིན་ཡོད་པ་ཞིག་ནི། གློག་བརྙན་དེར2024ལོའི་ཞང་ཀང་རྒྱལ་སྤྱིའི་དྲ་རྒྱའི་གློག་བརྙན་དུས་ཆེན་སྐབས་གཉིས་པའི་གྲོང་གསེབ་དར་སྤེལ་གྱི་གློག་བརྙན་ཐུང་ངུའི་བྱ་དགའ་ཐོབ། ཐེངས་འདིར་རྒྱལ་ཁབ་རིམ་པའི་གཟི་བརྗིད་ཡང་བསྐྱར་ཐོབ་པ་དེའི་ཐོག་ནས་བརྩམས་ཆོས་ཀྱི་གསར་རྩོམ་ཆུ་ཚད་ཕུལ་དུ་བྱུང་བ་དང་རྒྱ་ཁྱབ་ཀྱིས་ཁས་ལེན་ཆེན་པོ་བྱས་པ་མཚོན་ཡོད།