ཀྲུང་དབྱང་ཞིང་སྡེའི་བྱ་བའི་ཚོགས་འདུ་ཚེས29ནས30ཉིན་བར་པེ་ཅིང་དུ་འཚོགས། ཚོགས་འདུ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “ཞིང་གསུམ”བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། ད་ལྟའི“ཞིང་གསུམ”བྱ་བར་གདོང་གཏོད་པའི་གནས་བབ་དང་འགྲན་སློང་ལ་དབྱེ་ཞིབ་དང་། 2026ལོའི“ཞིང་གསུམ”བྱ་བ་བཀོད་སྒྲིག་བྱས།
ཏང་ཀྲུང་དབྱང་གིས་ཐེངས་འདིའི་ཚོགས་འདུར་མཐོང་ཆེན་ཚད་མཐོན་པོ་བྱས། ཚོགས་འདུ་མ་འཚོགས་པའི་སྔོན་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུས་ཐེངས་འདིའི་ཚོགས་འདུ་ལེགས་པོར་འཚོག་པ་དང་།“ཞིང་གསུམ”བྱ་བ་ཡག་པོ་སྒྲུབ་པར་བླང་བྱ་གསལ་པོ་བཏོན།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ཡག་པོ་སྒྲུབ་པར་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་པས།“ཞིང་གསུམ”བྱ་བ་ཡག་པོ་བསྒྲུབ་རྒྱུ་གལ་འགངས་ཤིན་ཏུ་ཆེ་བ་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པར་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་ལ་དམིགས་པ་དང་། ཞིང་སྡེའི་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ་དང་། རྨོ་ཞིང་བཟང་བོ་དང་སོན་འབྲུ་བཟང་བོ ། ཞིང་ལས་ཀྱི་གོ་སྐབས་ཡག་ཤོས་དང་བྱེད་ཐབས་བཟང་བོ་བཅས་ལ་ཕན་འབྲས་ཡོད་པར་ཡར་སྐུལ་བྱས་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་དགོས། ཞིང་དར་དང་ཞིང་ཕན། ཞིང་ཕྱུག་གི་སྲིད་ཇུས་ཕན་ནུས་ཆེ་རུ་གཏོང་བ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཚད་དུ་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་བ། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་སྤྱི་འདོམས་ལག་བསྟར་བྱེད་ཁོངས་སུ་ཚུད་པར་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཚད་མཐའ་བརྟན་པོ་སྲུང་དགོས། “བཟོ་སྐྲུན་ཁྲི་སྟོང་གི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་བདེ་སྡོད་ལས་འཚམས་དང་མཛེས་པའི་ཞིང་སྡེའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་སྡེའི་བཅོས་སྐྱོང་དང་དཔལ་ཡོན་ཨན་གྱི་ཡུལ་སྲོལ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་གལ་ཆེན་དུ་འཇོག་པར་རྒྱུན་འཁྱོངས་དང་། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་ལ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འབད་འབུངས་ཡར་བརྩོན་དང་དམ་པ་དོན་གཉེར་གྱིས་ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་སྐྲུན་གང་ཐུབ་བྱེད་པ་དང་། ཞིང་སྡེར་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པར་བྱེད་པ། ཞིང་པའི་འཚོ་བ་སྔར་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པར་བྱེད་དགོས།
ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ ལིའུ་གོ་ཀྲུང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་།
ཚོགས་འདུའི་སྟེང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་སྤུས་ཚད་ལ་འབྲེལ་བ་ཡོད་པས་ངེས་པར་དུ་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། འབྲུ་སྣུམ་ཐོན་སྐྱེད་བརྟན་འཇགས་སྒོས་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་རིམ་པའི་ཐོན་ནུས་ཆེ་རུ་གཏོང་བའི་བྱེད་སྒོ་སྐོར་ཐེངས་གསར་པ་སྤེལ་ཏེ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ནུས་པ་ཇེ་ཆེར་གཏོང་དགོས། རྒྱུན་རྣམ་ཅན་གྱི་དབུལ་ཕོངས་བསྐྱར་ལོག་སྔོན་འགོག་གི་ལམ་སྲོལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེ་ཡི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་གང་མགྱོགས་སྒོས་གསབ་དགོས། ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་ནུས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། གྲོང་གསེབ་ཀྱི་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས། གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱས་ཏེ། རང་རྟོགས་ཀྱིས་ཆོས་ཉིད་ལྟར་བྱ་བ་སྒྲུབ་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་འཕེལ་རྒྱས་གསར་པ་ཡོང་བ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་བཞེས་མཁན་ཝུའུ་ཀྲེང་ལུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་མཛད།
ཀྲུང་དབྱང་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་འགོད་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་སོ་སོའི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།