ཝང་ཧུའུ་ཉིང་གིས་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པའི་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་འདུ་ཐེངས་བཅུ་གཅིག་པ་ཚེས་29ནས་30ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་མཇལ་འཕྲད་གནང་བ་མ་ཟད། ཚོགས་ཞུགས་འཐུས་མི་དང་མཉམ་པར་བསྐྱོན། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱས་ཏེ།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འདོན་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་དགོས་ལ། ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་ཡང་དག་པ་འཆང་བར་ཁྲིད་སྟོན་བྱེད་དགོས་པ་དང་། རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཏའོ་ཅའོ་ཆོས་ལུགས་ཀྱི་ནང་དོན་ཐད་ནས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པའི་འཆད་འགྲེལ་བྱེད་དགོས། ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་དོན་འཁྱོལ་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དགོས། གསུང་རབ་ཀྱི་བསྟན་དོན་བྱང་ཆུབ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བྱང་ཆུབ་པའི་“གཉིས་འཕྲོད་”ཐུབ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་ཕྱི་ཕྱོགས་མཛའ་མཐུན་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཆོས་ལུགས་ཀྱི་གཏམ་རྒྱུད་ཡག་པོར་བཤད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ནས་ཆོས་ལུགས་ཚོགས་པའི་འབྲེལ་ཟམ་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།

ལི་ཀན་ཅེ་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།