མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དང་ཁྲི་འདུ་རྗོང་དུ་རྟོག་ཞིབ་བྱེད་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་ལྟར་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་རྨང་གཞི་སྲ་བརྟན་དུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཧུར་ཐག་གིས་ཇེ་བཟང་ནས་ཇེ་བཟང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ནང་ཆེན་རྫོང་གི་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་ཁུལ་སོགས་སུ་སོང་ནས་ལུའོ་ཏུང་ཁྲོན་གྱིས་ནང་ཆེན་གྱི་ཚྭ་དམར་དང་རྫ་ནག་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་པས། ཐུན་མོང་མ་ཡིན་པའི་ཐོན་ཁུངས་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ་ཚན་རྩལ་གྱིས་བྱེད་ནུས་བསྩོལ་རྒྱུར་སྔར་ལས་ཤུགས་སྣོན་པ་དང་ཐོན་ལས་མུ་ཕྲེང་དར་སྤེལ་གཏོང་བ། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། ཟོང་རྟགས་ཅན། ཁྲོམ་ར་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཤུགས་ཆེན་པོས་དམངས་ཕྱུག་ཐོན་ལས་དང་ཁྱད་ལྡན་ཐོན་ལས། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལྗང་མདོག་ཐོན་ལས་བཅས་བསྐྲུན་དགོས་ཞེས་བསྟན། སློབ་ཆེན་པ་མང་པོ་ཕྱིར་ཕ་ཡུལ་དུ་ལོག་ནས་གླིང་ཁུལ་དུ་ཁེ་ལས་གཉེར་བཞིན་པ་མཐོང་དུས་ལུའོ་ཏུང་ཁྲོན་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། ཁོ་ཚོས་རང་སྟེང་གི་ཤེས་བྱ་འདོན་སྤེལ་གང་ལེགས་བྱེད་པ་དང་རིག་སྟོབས་ཕུལ་ནས་ཕ་ཡུལ་གྱི་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་བསྐྱོད་དགོས་པའི་སྐུལ་མ་བཏང་།
ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་གྱི་མུའུ་ཁྲི་ཡི་གཟན་རྩྭའི་རྟེན་གཞི་རུ་ལུའོ་ཏུང་ཁྲོན་གྱིས་གཟན་རྩྭ་ཚད་ལྡན་ཅན་གྱི་ཐོན་སྐྱེད་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཚན་རྩལ་གྱི་གསར་གཏོད་སྐུལ་སྤེལ་ལ་སྔར་ལས་ཤུགས་སྣོན་པ་དང་། ཐུན་ཁུངས་རྒྱུ་རྐྱེན་མགྱོགས་མྱུར་སྒོས་ལེགས་སྒྲིག་བྱེད་པ། སྦས་ཤུགས་སྔོག་འདོན་བྱས་ཏེ“འདེབས་འཛུགས་ཐོན་ལས“འཚོལ་ཞིབ་དང་རྒྱ་བསྐྱེད་པ། “ཞིང་ཕྱུགས་ཟུང་འབྲེལ“དང“རྩྭ་ཕྱུགས་མཉམ་འབྲེལ“གྱི་འཕེལ་རྒྱས་གཏོང་སྟངས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ། རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཞིང་ཕྱུགས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་ཏུ་བསྐྱོད་དགོས་པའི་བླང་བྱ་བཏོན།
ཁྲི་འདུ་རྫོང་ལབ་ཞང་ལྷ་སའི་ཐང་སྡེ་བར་སོང་ནས་ལུའོ་ཏུང་ཁྲོན་གྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་བ་བསྐྲུན་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་རྗེས་བཤད་རྒྱུར། སྲོལ་རྒྱུན་སྡེ་བའི་ལོ་རྒྱུས་རྣམ་པ་དང་རིག་གནས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། སྲོལ་རྒྱུན་གྱི་ཁྱད་ཆོས་དང་དེང་རབས་འདུ་ཤེས་མཉམ་བསྲེས་ལ་དོ་སྣང་བྱེད་པ། རིག་གནས་ཡུལ་སྐོར་མཉམ་བསྲེས་ཀྱི་ལས་རྣམ་གསར་པ་བཏོད་པ་དང་གསོ་སྐྱོང་བཅས་བྱས་ནས་ཧུར་ཐག་གིས་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་བདེ་སྡོད། འཚོ་བ་ཕྱུག་འགྱུར་གྱི་མཐོ་སྒང་གི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་ཟེར།
ནང་ཆེན་རྫོང་ཁ་ལ་རོང་བཙུན་མའི་དགོན་པ་རུ་ལུའོ་ཏུང་ཁྲོན་གྱིས་དགོན་པའི་དོ་དམ་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་རྗེས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་ཐིག་ཏུ་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས་གྲྭ་བཙུན་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་བྱེད་སྐབས། ལུའོ་ཏུང་ཁྲོན་གྱིས་དབུལ་ཐར་མང་ཚོགས་ལ་འཚམས་འདྲི་བྱས་ཏེ་ཁོ་ཚོར་ལོ་སར་གྱི་སྨོན་འདུན་ཞུས་པར་མ་ཟད། རོགས་སྐྱོར་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱས་པའི་གནས་ཚུལ་འདྲི་ཞིབ་བྱས་ཤིང་། ཁོ་ཚོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཧུར་ཐག་འབད་འཐབ་བྱེད་དགོས་པའི་སྐུལ་མ་བཏང་ལ། ཁོ་ཚོའི་འཚོ་བ་སྔར་ལས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུས་པར་མ་ཟད། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་དགུན་དུས་ཀྱི་དམངས་ཚིས་འགན་སྲུང་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། དཀའ་ཁག་ཡོད་པའི་མི་ཚོགས་ལ་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་མང་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།