མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ12པའི་ཚེས29ཉིན་བསྡུས་པའིམཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། 2026ལོར་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པའི་སྨན་སྣ3313ཟིན་ཡོད་པ་དང་། དེའི་ནང་མི་རིགས་ཀྱི་སྨན་རྫས་རིགས60ཟིན།
“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཞིང་ཆེན་གྱི་གནས་ཚུལ་དང་དོན་དངོས་ལ་གཞི་ཚུགས་ནས། ཐེབས་རྩའི་ལྕོགས་ནུས་དང་ཕྱོགས་སོ་སོའི་དགོས་མཁོར་བསམ་གཞིགས་བྱས་ཏེ། སྨན་བཅོས་དོ་དམ་གྱི“ཕྱོགས་བསྡུས་དོ་དམ”བརྒྱུད་ནས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་མཐོ་རུ་བཏང་།
སྨན་རྫས་འགན་སྲུང་ཕྱོགས་ནས། མཚོ་སྔོན་གྱིས་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་བབ་བསྟུན་ལེགས་སྒྲིག་རྒྱུན་འཁྱོངས་བྱས་པ་དང་། འགན་སྲུང་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་གྲོས་མོལ་སྨན་རྫས་དང་རིན་གོང་འགྲན་རྩོད་སྨན་རྫས387“ཐབས་ལམ་གཉིས”ཀྱི་འགན་སྲུང་ནང་བཅུག་ནས་ནད་པའི་སྨན་རྫས་བཀོལ་སྤྱོད་ཐུབ་ཚད་ཇེ་ཆེར་བཏང་། ཀྲུང་བོད་སྨན་རྫས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་ནས། ཤུགས་འདོན་གནད་འཕིགས་པ་བྱས་ཏེ། རྒྱལ་ཁབ་ཀྱི་ཀྲུང་ལུགས་སྨན་རྫས་རིགས892ཡི་རྨང་གཞིའི་སྟེང་། བོད་ལུགས་དང་ཀྲུང་ལུགས་ཀྱི་སྨན་རྫས་རིགས150སྨན་བཅོས་འགན་བཅོལ་ནང་གསར་དུ་བཅུག། བོད་སོག་སྨན་ཁང་གི་སྨན་རྫས་སྨན་བཅོས་འགན་བཅོལ་དཀར་ཆག་སྔོན་ལ་བཏོན་ནས་ཇེ་ལེགས་སུ་བཏང་། མིག་སྔར། སྡེབ་སྨན3200ཡི་སྨན་སྣ531ལ་ཁྱབ་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ། མི་རིགས་སྨན་བཅོས་ཀྱི་སྨན་བཅོས་རྣམ་གྲངས་ལ་ཕྱོགས་ལྷུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་སྨན་བཅོས་ཀྱི་རྣམ་གྲངས499སྨན་བཅོས་འགན་བཅོལ་ནང་བཅུག་ཅིང་། དེའི་ནང་བཅུག་པའི་བསྡུར་ཚད88%ཟིན་ཡོད་ལ། མི་རིགས་སྨན་བཅོས་ཀྱི་ཁྱད་ཆོས་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས།
འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཕྱོགས་ནས། མཚོ་སྔོན་གྱིས་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། “ཕྱོགས་ཡོངས་ཁྱབ་པ་བཞི”ལ་གཞི་ཚུགས་ནས་ནད་རིགས་བརྟག་དཔྱད་ཀྱི་འབྲེལ་ཡོད་ཚན་ཆུང་བགོས་ནས་དོ་དམ་བྱེད་པ་སོགས་ཀྱི་ཚད་གཞི་གཅིག་གྱུར་དང་། ཁྲིད་སྟོན་སྨན་བཅོས་ལས་ཁུངས་གྱིས་མ་རྩ་ཚོད་འཛིན་ལ་ཤུགས་སྣོན་པ་རེད། གཤགས་བཅོས་རྣམ་གྲངས127སྨན་བཅོས་འགན་བཅོལ་གྱི་ཉིན་མོའི་གཤགས་བཅོས་བསྡོམས་རྩིས་ནང་བཅུག་ནས། དངུལ་སྤྲོད་ཚད་ཐིག་མི་འཛུགས་པར་སྨན་ཁང་གི་ཞག་སྡོད་སྲིད་ཇུས་ལྟར་སྤྲོད་དགོས་པ་དང་། བརྒྱུད་རིམ་ཡོངས་ཀྱི་འགྲོ་གྲོན་ཞིབ་དཔྱད་མ་ལག་འཛུགས་པ་དང་། སྔོན་ཚུད་ཉེན་བརྡ་དང་། དོན་རྐྱེན་ཁྲོད་ཀྱི་ཚོད་འཛིན། དོན་རྐྱེན་རྗེས་ཀྱི་རྗེས་འདེད་བཅས་བྱས་ཏེ། སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས། སྨན་བཅོས་འགན་བཅོལ་དང་ཐེབས་རྩ་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན།
ཞབས་ཞུ་སྣུར་སྲིང་ཕྱོགས་ནས། གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ཁེབས་ཚད་མི་འདང་བའི་གནད་དོན་ལ་དམིགས་ནས། མཚོ་སྔོན་སྨན་བཅོས་འགན་བཅོལ་སྡེ་ཁག་གིས་འཕྲོད་བསྟེན་སྡེ་ཁག་དང་མཉམ་དུ“གཞི་གཅིག་ཅན”གྱི་དོ་དམ་ལ་སྐུལ་འདེད་བཏང་སྟེ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་གནས་གཏན་འཁེལ་ཁྱབ་ཁོངས་ནུས་ཤུགས་ཡོད་རྒུས་རྒྱ་སྐྱེད་བཏང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང4469ཁྲོད4343སྨན་བཅོས་འགན་བཅོལ་གྱི་དམིགས་ཚད་ནང་བཅུག་པ་དང་། ཁེབས་ཚད97.18%ཟིན་ཡོད་ལ། སྲིད་འཛིན་གྲོང་ཚོ་ཡོངས་སུ་ཁྱབ་རྒྱུ་གཞི་རྩའི་ཐོག་མངོན་འགྱུར་བྱུང་། དེ་དང་ཆབས་ཅིག་ཏུ། སྨན་བཅོས་འགན་བཅོལ་གྱི་གཞི་གྲངས་ལས་དོན་ཚན་ཆུང་བཙུགས་ནས། དུས་བཀག་ལྟར་སྨན་བཅོས་ལས་ཁུངས་ལ་ཐེབས་རྩའི་གཏོང་སྤྲོད་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། “ཁྱིམ་ཚང་གི་རྨང་གཞི་གསལ་བའི”ནུས་ལྡན་ལས་ཁུངས་ལ་བརྟེན་ནས་དོ་དམ་ཇེ་ལེགས་སུ་བཏང་ནས། ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་།
བརྒྱུད་རིམ་ཇེ་ལེགས་སུ་གཏོང་བའི་ཐད། མཚོ་སྔོན་གྱིས་དམིགས་འཛུགས་སྨན་ཁང་གི་ས་ཁོངས་དོ་དམ་ལ་ཤུགས་བསྣན་ནས། ཞིང་ཆེན་ནང་ཁུལ་དུ་དམིགས་འཛུགས་སྨན་ཁང་ཕན་ཚུན་ཁས་ལེན་གྱི་ཚོད་འཛིན་མེད་པར་བཟོས་ནས“ས་གནས་གཅིག་ནང་འཇུག་བྱས་ན་ཞིང་ཆེན་ཡོངས་སུ་ཤར་གཏོང་ཐུབ་པ”མངོན་འགྱུར་བྱས། ས་གནས་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་ཐབས་ལམ་རྒྱ་སྐྱེད་དེ་དྲ་ཐོག་གི་ཐོ་འགོད་བྱེད་ནུས་ཤར་གཏོང་ཐུབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་དུ་སྨན་བཅོས་་ཐོ་འགོད་སྙན་སེང་མེད་པར་བཟོས་ནས། ཐད་ཀར་བསྡོམས་རྩིས་རྒྱག་པའི་བགྲོད་ལམ་བཏོད། “ཞིང་ཆེན་ནང་ཁུལ་དུ་ཁྱད་པར་མེད་པ་དང་། བྱང་བུ་གཅིག་ཞིང་ཆེན་ཡོངས་སུ་བཀོད་སྤྱོད་བྱེད་ཐུབ་པ”མངོན་འགྱུར་བྱས་ཏེ། མང་ཚོགས་ཀྱི་འགྲོ་གྲོན་གྱི་དཀའ་གནད་ཐག་གཅོད་མཐར་ཕྱིན་བྱས་ནས། སྨན་བཅོས་འགན་བཅོལ་ཞབས་ཞུ་སྔར་ལས་ཕན་ནུས་ཆེ་ཞིང་སྟབས་བདེ་ཡོང་བ་བྱས།