ཉེ་སྔོན། གསར་འགོད་པས“‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’འཕེལ་རྒྱས་ཀྱི་གྲུབ་འབྲས”ཞེས་པ་བརྗོད་གཞིར་བཟུང་བའི་མུ་འབྲེལ་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་ཆེད་དོན་བྱ་འགུལ་སྟེང་ཤེས་རྟོགས་བྱུང་བར།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་སྒྲ་བརྙན་ལས་རིགས་ཀྱིས་མཐོ་སྒང་དུ་རྩ་བ་ཚུགས་ནས་སྤུས་ཚད་མཐོ་བའི་གསར་རྩོམ་སྣོད་བཅུད་འཛུགས་སྐྲུན་དང་། མཚོ་སྔོན་གྱི་བརྩམས་ཆོས་རྩེ་གྲ་ཁག་ཅིག་རྒྱལ་ཁབ་རིམ་པའི་གཙོ་རྒྱུག་བརྒྱུད་སྒྲོག་འཕྲིན་སྟེགས་སྟེང་བསྟུད་མར་བསྒྲགས་ཏེ། བརྗོད་བྱ་གསར་རྩོམ་དང་བརྒྱུད་སྒྲོག་གི་ཤུགས་རྐྱེན་སྔར་ལས་ཐོད་བརྒལ་བྱུང་བ་རེད།
དེའི་རིང་ལ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས《རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་སྒྲ་བརྙན་བརྩམས་ཆོས་ཀྱི་རོགས་སྐྱོར་དོ་དམ་བྱ་ཐབས》སོགས་བཟོས་ནས“གློག་བརྙན་བརྙན་འཕྲིན་གསར་རྩོམ་གྱི་བྱ་སྤྱོད”ལག་བསྟར་གཏིང་ཟབ་དང་།ཞིང་ཆེན་རིམ་པའི་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་སྒྲ་བརྙན་གསར་རྩོམ་གྱི་རོགས་སྐྱོར་ཆེད་དོན་མ་དངུལ་བཙུགས་ལ། དེར་ཆེད་དོན་མ་དངུལ་སྒོར་ཁྲི་7500བཏང་ནས་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་ལ་རོགས་སྐྱོར་བྱས།“སྲིད་ཇུས་ཀྱི་ཁྲིད་སྟོན་དང་།མ་དངུལ་གྱི་རོགས་སྐྱོར།གནད་སྨིན་ཞབས་ཞུའི”ཕྱོགས་གསུམ་གཞི་གཅིག་གི་གསར་རྩོམ་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་། རྒྱུན་རྣམ་ཅན་གྱིས་ཕུལ་བྱུང་བརྩམས་ཆོས་འོས་སྦྱོར་དང་།འགྲེམས་སྟོན།འདེམས་གསེས།དྲིལ་བསྒྲགས་བཅས་ཀྱི་བྱེད་སྒོ་སྤེལ་ཏེ“གསར་རྩོམ་དང་།རོགས་སྐྱོར།བརྒྱུད་སྤེལ།ལྡོག་འདྲེན”བཅས་ཀྱི་འབྲེལ་ཐག་ཧྲིལ་པོ་ཤར་གཏོང་དང་།ཁ་ཕྱོགས་གཏན་འཁེལ་གྱིས་གློག་བརྙན་དང་བརྙན་འཕྲིན་གསར་རྩོམ་གྱི་གསོ་སྦྱོང་སྤེལ་བ།ས་གནས་དེ་གའི་གསར་རྩོམ་པའི་ཧུར་སེམས་དང་གསར་གཏོད་ནུས་པ་སྐུལ་སློང་བཅས་བྱས་ནས། ཕུལ་བྱུང་གི་བརྙན་འཕྲིན་དངོས་བཤུས་གློག་བརྙན། དྲ་རྒྱའི་སྒྲ་བརྙན་བརྩམས་ཆོས་བཅས་ཁག་ཅིག་བཏོན།
མཚོ་སྔོན་བརྗོད་གཞིར་བཟུང་བའི་བརྩམས་ཆོས་དེ“ཡོད་པ་ནས་སྤུས་ལེགས”ཀྱི་ཐོད་བརྒལ་མངོན་འགྱུར་བྱུང་། དངོས་ཡོད་བརྗོད་བྱའི་བརྙན་འཕྲིན《ཚེ་སྲོག་གི་སྡོང་བོ》ཞེས་པའི་བརྙན་མིག་དེ་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་པའི་ཚོགས་པར་དམིགས་པ་དང་།སྒྱུ་རྩལ་རྣམ་པས་མཚོ་སྔོན་གྱིས་ལོ་སུམ་ཅུའི་རིང་ཏང་གི་མགོ་ཁྲིད་འོག སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་མོ་མངོན་འགྱུར་བྱུང་བ་དང་། མི་རབས་གཉིས་ཀྱིས་ས་མཐོའི་སྲུང་སྐྱོང་དང་འབད་བརྩོན་ལྷོད་མེད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དེ2026ལོར་ཀྲུང་དབྱང་བརྙན་འཕྲིན་དང་ཨའེ་ཆི་ཡའེ་ནས་ཐོག་མའི་གཟིགས་འབུད་བྱ་རྒྱུ། མཚོ་སྔོན་གྱི་དངོས་བཤུས་གློག་བརྙན་སུམ་ཅུ་ཙམ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་རྒྱལ་ཁབ་རིམ་པའི་གཙོ་རྒྱུན་ལས་སྟེགས་ཐོག་བསྟན།《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》(དུས་ཚིགས་དང་པོ་དང་གཉིས་པ)སོགས་བརྩམས་ཆོས་ཀྱིས་བརྙན་མིག་བརྒྱུད་དེ་མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་།མི་རིགས་མཐུན་སྒྲིལ་གྱི་མཐོ་ས།རིག་གནས་སྣ་མང་རང་བཞིན་གྱི་བང་མཛོད་བཅས་ཡིན་པའི་ཐུན་མིན་རིན་ཐང་་མཚོན་པར་བྱས།《ང་རང་གཙང་པོའི་མགོ་ཁུངས་སུ་སྡོད་པ》ཞེས་པ་དེ་རྒྱལ་ཡོངས་བརྙན་འཕྲིན་རིག་རྩལ་གྱི“སྐར་འོད་བྱ་དགའ”སྐབས28པའི་ནང་ཚུད།
དྲ་རྒྱའི་སྒྲ་བརྙན་བརྗོད་གཞིར་བཟུང་བའི་བརྩམས་ཆོས་ལའང་བཀྲག་མདངས་འཚེར་ས་མང་པོ་ཡོད་དེ།《ཞའོ་ཀའོ་ལེན་ས་ཆའི་བརྩེ་བ》དང《རྨ་ཙོང་གླུ་གཞས》སོགས་བརྗོད་དོན་གསལ་ཞིང་རྣམ་པ་གསར་པའི་དྲ་རྒྱའི་སྒྲ་བརྙན་བརྩམས་ཆོས་ཁག་ཅིག་གིས། མཐོང་སྣེ་གསར་པ་དང་རྣམ་པ་གསར་པའི་ཐོག་ནས་དུས་རབས་གསར་པའི་མཚོ་སྔོན་གསར་པ་མངོན་ཞིང་། བརྗོད་བྱ་གསར་རྐྱང་གི་ལམ་ནས་དྲང་ནུས་དར་སྤེལ་གཏོང་བ་དང་། གསར་གཏོད་བྱེད་ཐབས་ལ་བརྟེན་ནས་ལྟ་མཁན་མང་པོ་ཞིག་ཚུར་བཀུགས། དེའི་ནང་དྲ་རྒྱའི་དངོས་བཤུས་གློག་བརྙན《དར་གོས་ཚོང་ལམ་གྱི་མཚོ་སྔོན། འཇིག་ཟིན་པའི་རྒྱལ་ཁབ》དྲ་ཐོག་ཏུ་བཏོན་ནས་ཉིན15རིང་གཏོང་ཚད་ཁྲི1327ལས་བརྒལ་བ་དང་། “ཚན་རྩལ+དོན་བརྗོད”ཀྱི་གསར་གཏོད་ལ་བརྟེན་ནས། ཉེ་དུས་དྲ་རྒྱའི་སྒྲ་བརྙན་ཁྱབ་ཁོངས་ཀྱི“མཛེས་ལ་བློས་འགེལ་ཆོག་པའི”རིག་གནས་ཀྱི་ཐོན་རྫས་རྒྱུག་ཆེ་བ་ཞིག་ཏུ་གྱུར།