《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་སྲོལ་ཡིག》2026ལོའི་ཟླ1ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་།《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དེ2025ལོའི་ཟླ9བར་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་གྲོས་འཆམ་བྱུང་བ་དང་། 2026ལོའི་ཟླ1ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》ལ་ཁྱོན་ལེའུ་དྲུག་དང་དོན་ཚན་སུམ་ཅུ་སོ་བདུན་ཡོད་པ་དང་། རིམས་འགོག་འགན་འཁྲི་མ་ལག་དང་། གཞི་རིམ་འགན་ལེན། རིམས་ནད་བཀག་སྡོམ་དྲ་རྒྱ་དང་། ནད་བཤེར་ལྟ་སྐུལ་དོ་དམ། ནད་ཀྱིས་ཤི་བའི་སྲོག་ཆགས་ཀྱི་བེམ་རོ་ཐག་གཅོད་དང་ས་ཁོངས་ཀྱི་མཉམ་འགོག་མཉམ་སྡོམ་སོགས་ཐད་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས་མཚོ་སྔོན་མཐོ་སྒང་གི་ཁྱད་ཆོས་དང་མཐུན་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལམ་ལུགས་མ་ལག་བཟོས།

ངོ་སྤྲོད་བྱས་པ་ལྟར་ན། 《སྲོལ་ཡིག》ནང་རིམས་འགོག་འགན་འཁྲི་མ་ལག་འཐུས་ཚང་དུ་བཏང་སྟེ། སྣ་མང་གི་འགན་འཁྲི་གཙོ་བོ་ནན་བཅག་བྱས། གཞི་རིམ་གྱི་རིམས་འགོག་འགན་སྲུང་འཐུས་ཚང་དུ་བཏང་སྟེ། འཐབ་ཕྱོགས་དང་པོའི་རིམས་འགོག་རྨང་གཞི་བརྟན་པོ་འཛུགས་དགོས་པ། སྲོག་ཆགས་ཀྱི་རིམས་ནད་བཀག་སྡོམ་དྲ་རྒྱ་དམ་པོ་བཟོས་ཏེ། སྤྱི་གཞུང་འཕྲོད་བསྟེན་འགོག་སྲུང་གི་རྨང་གཞི་སྲ་བརྟན་དུ་གཏང་དགོས་པ། སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་ཚགས་དམ་པའི་ཐད། བཙན་ཤེད་ཀྱི་རིམས་འགོག་རིམ་པ་དབྱེ་བའི་འགན་འཁྲི་དམ་ཟབ་ཁ་གསལ་བཟོས་ཏེ།ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་སྲོལ་གསར་འཛུགས་དང་། གཏན་འབེབས་བྱས་མེད་པའི་སྲོག་ཆགས་རིམས་ནད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད། མི་ཕྱུགས་གཉིས་ཀར་ཕོག་པའི་ནད་མཉམ་འགོག་མཉམ་སྡོམ་ལ་ཤུགས་སྣོན་བཅས་བྱ་དགོས་པ་མ་ཟད། གསོ་ཚགས་དང་བཤས་ར་སོགས་ལ་ངེས་པར་དུ་ཁྲིམས་བཀོད་ཀྱི་རིམས་འགོག་ཆ་རྐྱེན་ལྡན་དགོས་པའི་བླང་བྱ་བཏོན།

རིམས་ནད་ཞིབ་བཤེར་གྱི་ལྟ་སྐུལ་དོ་དམ་དང་བརྒྱུད་རིམ་ཚད་ལྡན་དུ་གཏོང་བའི་ཐད། 《སྲོལ་ཡིག》ནང་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་རིམས་ནད་བརྟག་བཤེར་ཞུ་འབུལ་དང་། ཡུལ་དངོས་ཞིབ་བཤེར། ལག་རྟགས་སྤྲོད་པ་བཅས་ཀྱི་བརྒྱུད་རིམ་ཡོངས་ཚད་ལྡན་དུ་བཏང་སྟེ། སྲོག་ཆགས་དང་ཐོན་རྫས་མི་འདྲ་བ་འདྲེན་སྐྱེལ་བྱེད་པར་ངེས་པར་དུ་རིམས་ནད་ཞིབ་བཤེར་གྱི་དཔང་ཡིག་དང་ཡང་ན་མཚོན་རྟགས་ཟུར་དུ་འགོད་དགོས་པའི་བླང་བྱ་བཏོན་ཡོད། ཟས་སྤྱོད་ཀྱི་སྲོག་ཆགས་ཐོན་རྫས་གཉེར་སྐྱོང་བྱེད་མཁན་ཚོང་པས་ངེས་པར་དུ་ནད་ཡམས་ཞིབ་བཤེར་གྱི་ཆ་འཕྲིན་ཉར་ཚགས་བྱ་དགོས།  དེ་དང་ཆབས་ཅིག་ཏུ། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་ཆ་འཕྲིན་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། གསོ་ཚགས་མངོན་འགྱུར་དང་། རིམས་ཐར། རིམས་ནད་བརྟག་དཔྱད། བཤས་གསོད་སོགས་འབྲེལ་ཐག་ཧྲིལ་པོའི་གཞི་གྲངས་མཉམ་སྤྱོད་དང་ཁུངས་འདེད་ཐུབ་པ་བྱས་ནས་ས་ཁོངས་ལས་བརྒལ་བའི་ལྟ་སྐུལ་དོ་དམ་ཀྱི་ནུས་ཕྱོད་ཆེ་རུ་གཏང་དགོས་པའི་བླང་བྱ་བཏོན།

《སྲོལ་ཡིག》ནང་ཕྱོགས་སོ་སོའི་འགན་འཁྲི་འོས་འགན་ཁ་གསལ་བཟོས་ཏེ། བཀག་སྡོམ་ཀྱི་ཆ་རྐྱེན་འགན་སྲུང་ལ་ཤུགས་སྣོན་བརྒྱབ་པ་དང་། སྲོག་ཆགས་སྐྱེལ་འདྲེན་དང་ཐོན་རྫས་ལས་གཉེར་བྱ་སྤྱོད་ཚད་ལྡན་བཟོས་ནས་ནད་ཀྱིས་ཤི་བའི་སྲོག་ཆགས་ཀྱི་བེམ་རོ་གནོད་མེད་ཐག་གཅོད་བྱེད་པར་ཤུགས་བསྣན་དགོས་པ་གསལ་བོར་བསྟན་ཡོད། 《སྲོལ་ཡིག》དེ་ལག་བསྟར་བྱས་པ་རྗེས་མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་བྱ་བའི་ཞན་ཆ་ནུས་ལྡན་ངང་ཁ་གསབ་བྱས་ཏེ། མཐོ་སྒང་གི་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་ཐད་ལ་ནུས་པ་གལ་ཆེན་འདོན་ཐུབ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།