མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12ཚེས29ཉིན། རང་ཞིང་གི་ཚན་ཞིབ་དང་གསོ་སྤེལ། ཞིབ་འཇུག བཟོ་སྣོན་བཅས་གཅིག་ཏུ་གྲིལ་བའི་རྩོལ་བྱུང་དབྱར་རྩྭ་གསོ་སྤེལ་ལས་གཞི་དེ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཀྱི་ཧའོ་ཞི་སྡེ་བ(火西村)ནས་མགོ་བརྩམས། ཀྲུང་གོའི་ཞིང་ལས་སློབ་ཆེན་དང་། ཀྲུང་ཅིན་ལུའེ(中金旅)མ་དངུལ་གཏོང་འཇོག་མ་རྐང་ཚོད་འཛིན་ལ་སོགས་ལས་ཁུངས35ཡི་ལས་རིགས་ཆེད་མཁས་པ་དང་། མཉམ་ལས་འཐུས་མི90ལྷག་གིས་སྐྱེ་ཁམས་དང་ཐོན་ལས་མཉམ་རྒྱལ་གྱི་ལས་གཞི་དངོས་སུ་མགོ་བརྩམས་པར་མཉམ་དུ་ར་སྤྲོད་བྱས། ལས་གཞི་དེ་བསྐྲུན་རྗེས་དབྱར་རྩྭ་དགུན་འབུ་གསོ་སྤེལ་གྱི་ཐོན་ལས་འབྲེལ་ཐག་ཧྲིལ་བོ་བཙུགས་ཤིང་། དབྱར་རྩྭ་གསོ་སྤེལ་ཡང་རིག་ནུས་དང་ཐཱན་མེད་དུས་རབས་སུ་ཐོག་མར་བསྐྱོད་ནས་མཚོ་བོད་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར“གྲངས་ཀ+ལྗང་མདོག”གི་གསར་གཏོད་མ་དཔེ་འདོན་སྤྲོད་བྱས།
ཤེས་གསལ་ལྟར་ན། ལས་གཞི་དེ་ནི་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཀྱི་གྲངས་ཀའི་དཔལ་འབྱོར་དང་སྐྱེ་དངོས་ཐོན་ལས་མཉམ་སྤེལ་གྱི་བཀོད་པ་གཙོ་བོ་ཞིག་ཡིན། གཙོ་བོ་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བའི་དགེ་མཚན་ལ་གཞི་བཅོལ་ཏེ། རིག་གནས་གསོ་སྤེལ་ལག་རྩལ་དང་སྐྱེ་ཁམས་འགན་སྲུང་འདུ་ཤེས་ལེགས་སྒྲིག་བྱས་ནས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་བསྐྲུན། ལས་གཞི་དེར་ཁྱོན་མ་དངུལ་ཧ་ལམ་ཁྲི6800བཏང་ཞིང་། བཟོ་བཀོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་བདུན་ཡོད་པ་དང་། དེར་རིག་ནུས་ཅན་གྱི་གསོ་སྤེལ་འཁོར་ཁང་དང་། ཞིབ་འཇུག་གསར་སྤེལ་ཞིབ་བཤེར་ཚད་ལེན་ལྟེ་གནས། ཚན་རིག་ཁྱབ་གདལ་རྟེན་གཞི་ལ་སོགས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་ནས“གསོ་སྤེལ+བཟོ་སྣོན+ཞིབ་འཇུག་གསར་སྤེལ+ལྗོངས་གཟིགས+ཞིབ་སློབ”བཅས་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་བོ་ཞིག་ཆགས་སུ་འཇུག་རྒྱུ། ཀུང་སི་དེའི་ཏུང་ཧྲི་ཀྲང་ཅའོ་ཡུང་ཀའོ་ཡིས་འདི་སྐད། ལས་གཞི་བསྐྲུན་རྗེས“གཞི་གྲངས་ཆེན་མོ+འདྲ་བཟོའི་སྙོམས་སྒྲིག”གི་ལྟེ་བའི་ལག་རྩལ་བེད་སྤྱོད་བྱ་རྒྱུ་དང་། དེས་མཐོ་སྒང་གི་དྲོད་ཚད་དམའ་བ་དང་། གསོ་རླུང་ཉུང་བ། སྨུག་ཕྱིའི་འོད་ཆེ་བ་ལ་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་འདྲ་དཔེ་གནད་ལ་འཁེལ་བ་བཟོས་ཏེ། དབྱར་རྩྭ་དགུན་པའི་སྐྱེ་འཚར་ཁོར་ཡུག་དང་དུས་ཚོད་ལ་ཚན་རིག་གིས་དོ་དམ་དང་སྙོམས་སྒྲིག་ཐུབ་པ་བྱས་ནས་གསོན་ཚད80%ཡན་ལ་བསླེབས་ཐུབ་པ་བྱ་རྒྱུ། དུས་སྐབས་དང་པོ་ལས་ཀ་ཡོངས་སུ་གྲུབ་རྗེས་ལོའི་ཐོན་འབོར་དབྱར་རྩྭ་རྐང་ཁྲི500ལ་བསླེབ་ཐུབ་པས། དབྱར་རྩྭ་དགུན་འབུའི་ཁྲོམ་ར་དེ་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁོངས་ཁོ་ནར་བརྟེན་དགོས་པའི་དཀའ་ངལ་སེལ་ཐུབ་ཟེར།
ལས་གཞི་དེ་ནི་གྲངས་ཀའི་དཔལ་འབྱོར་དང་། སྐྱེ་དངོས་ཐོན་ལས། ལྗང་མདོག་ནུས་གྲོན་བཅས་རྒྱུན་ཐག་གཅིག་ཏུ་སྦྲེལ་བའི་གསར་གཏོད་དང་ལག་ལེན་ཞིག་ཡིན་པའི་ཆ་ནས། འཕེལ་རྒྱས་ཀྱི་ཐོག་མར་ཁང་ཐོག་འོད་ཧྥུ་དང་། རིག་ནུས་ནུས་གསོག ནུས་ཁོངས་དོ་དམ་ལ་སོགས་མ་ལག་ཆ་ཚང་བསྒྲིགས་རྒྱུ་ཡིན་ལ། དེ་གྲུབ་རྗེས་ས་ཁུལ་གྱི་སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ཀྱི“ཐཱན་མེད་བཟོ་གྲྭ”ཐོག་མ་རུ་འགྱུར་ངེས། སླད་ཕྱིན་མཚོ་སྔོན་གྱིས“ཤར་གྲངས་ནུབ་རྩིས”ཀྱི་རྩིས་ཤུགས་ཀྱི་འདེགས་སྐྱོར་དང་མཁར་ནུབ་ཀྱི་སྤུས་ལེགས་ཚོང་གཉེར་ཁོར་ཡུག་ལ་བརྟེན་ནས་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་དང་ལག་རྩལ་བརྗེ་སྒྱུར་གཏིང་ཟབ་བྱས་ནས“གསེར་གྱི་སྨན་རྩྭ”དེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་དང་། ཞིང་གྲོང་དར་སྤེལ་ལ་སྟོབས་ཤུགས་འདོན་པ། སྐྱེ་ཁམས་སྲུང་སྐྱོང་གི་སྲུང་ཡོལ་བཅས་ཐུབ་པའི་ཁྱད་ལྡན་ཐོན་ལས་ཀྱི་མཚན་བྱང་དུ་གྱུར་ནས་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་དེ་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་རམ་འདེགས་ཤུགས་ཆེན་བྱ་འཆར་ཡོད་དོ། །