ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ལག་བསྟར་གཏིང་ཟབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

བསྟུད་མར་ཉིན་འགའི་རིང་། ཧོ་ནན་དང་ཧུའུ་པེ། བོད་ལྗོངས། ཉིང་ཞ་སོགས་ས་གནས་སུ།  གཞི་རིམ་ལ་ཕྱོགས་པའི་སྒྲོག་འགྲེལ་རྣམ་པ་དུ་མའི་སྒོ་ནས་སྤེལ་ཏེ།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་།

ཧོ་ནན་གྱིས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་སོགས་རིམ་པ་སོ་སོ་དང་རིགས་མི་འདྲ་བའི་རུ་ཁག་བཙུགས་ཏེ། ལས་ཁུངས་དང་སྡེ་ཁུལ།  མཐོ་སློབ། ཁེ་ལས་སོགས་སུ་བསྐྱོད་དེ།  སྲིད་ཇུས་གསལ་འགྲེལ་དང་བཞུགས་མོལ་བརྗེ་རེས་སོགས་ཀྱི་རྣམ་པ་དུ་མ་བརྒྱུད་དེ། རིམ་དབྱེ་རིགས་དབྱེའི་སྒྲོག་འགྲེལ་ཏན་ཏིག་བྱས། དུས་མཚུངས་སུ། “སྐོར་སྐྱོད་ཏང་གི་སློབ་གྲྭ”དང་། “སྡེ་ཁུལ་སློབ་གྲྭ”“གྲོང་གསེབ་ཀྱི་སློབ་ཁང་”སོགས་བེད་སྤྱོད་ལེགས་པོ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་སེམས་སུ་འཇགས་པར་བྱས།

ཧོ་ནན་ཞུས་ཁྲང་གྲོང་ཁྱེར་ཝུའེ་ཏུའུ་ཆུས་བདུན་གཅིག་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཝུའུ་ལིའུ་ཡིས་བཤད་རྒྱུར། སྡེ་ཁུལ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ ཧོ་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ཏུ་བསྟར་དགོས།  མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ལེགས་པོ་བྱས་ན། མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་མང་པོ་ཐོབ་པར་བྱེད་དགོས་ཟེར།

ཧུའུ་པེ་ཡིས“ཞིང་ཆེན་རིམ་པས་སྣེ་ཁྲིད་དང་། གྲོང་ཁྱེར་དང་རྫོང་མཉམ་འགུལ་བྱེད་པ། གཞི་རིམ་དུ་དོན་འཁྱོལ་བྱེད་པ”བཅས་རིམ་པ་གསུམ་གྱི་སྒྲོག་འགྲེལ་མ་ལག་བཙུགས་ཏེ། རིམ་པ་སོ་སོ་དང་རིགས་སོ་སོའི་སྒྲོག་འགྲེལ་རུ་ཁག་གིས་ཆེད་མཁས་པས་རིགས་པའི་གཞུང་ལུགས་གླེང་བ་དང་། དཔེ་མཚོན་གྱིས་ཉམས་མྱོང་གླེང་བ། མང་ཚོགས་ཀྱིས་མྱོང་ཚོར་གླེང་བ་སོགས་བརྒྱུད། སྒྲོག་འགྲེལ་ལ“མཐོ་ཚད”ཡོད་ལ་“དྲོད་ཚད”ཀྱང་ལྡན་པར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་པར་སྐུལ་འདེད་བཏང་།

ཧུའུ་པེ་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་མི་ཐབས་རིག་ནུས་དང་གཞི་གྲངས་ཆེན་མོའི་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ། ལིའུ་ཅེ་ཡིས་བཤད་རྒྱུར། ང་ཚོས “གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས་”ལེགས་པར་བསྒྲུབ་དགོས། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བཟུང་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། མ་འོངས་ཐོན་ལས་ལ་རྒྱང་ལྟ་དང་བཀོད་སྒྲིག་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་ཟེར།

བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱེད་པ་དང་། སྡེ་ཁག་དང་ལས་རིགས་རིགས་དབྱེའི་ཐོག་ནས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། ཁེ་ལས་དང་ལས་ཁུངས། སྡེ་ཁུལ། གྲོང་གསེབ་བཅས་སུ་ཟབ་ཞུགས་བྱས་ནས་དམིགས་བྱ་ཅན་དང་མི་མང་ཅན། ཕན་ཚུན་མཉམ་འགུལ་བཅས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས།  གཞི་རིམ་གྱི་སྒྲོག་འགྲེལ་པས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ཏེ། གོ་བདེའི་སྐད་ཆ་དང་ཉེ་འགྲམ་གྱི་གྱོད་དཔེ་སྤྱད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསོན་ཉམས་ལྡན་པར་སྒྲོག་འགྲེལ་བྱས།

བོད་ལྗོངས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལྷ་མོ་ཚེ་རིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐུགས་ལ་བཟུང་ཡོད། ཁོང་གིས་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས་ཚེ། ཕན་པ་བསྐལ་བརྒྱར་ཐོབ་པ་དང་གནམ་འོག་སྔོ་ལྗང་གིས་ཁེབས་ཐུབ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དངོས་སྒྲུབ་ཀྱི་སྒུལ་ནུས་སུ་བསྒྱུར་བ་དང་། སྐྱེ་ཁམས་ལ་ཆུ་གསབ་དང་། སྔོ་ཁེབས་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་བཅས་ཀྱི་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེ་རུ་བཏང་སྟེ། མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་སྔར་བས་འཐུས་ཚང་དང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བར་བྱེད་དགོས་ཟེར།

ཉིང་ཞ་ཡིས་རིགས་པའི་གཞུང་ལུགས་ཀྱི་ལས་བྱེད་པ་དང་གཞི་རིམ་གྱི་འཐུས་མི་ཕུལ་བྱུང་སོགས་ཀྱི་སྒྲོག་འགྲེལ་སྟོབས་ཤུགས་གདམ་གསེས་བྱས་ཏེ། གཞི་རིམ་གྱི་ཡུལ་དངོས་དང་པོར་བསྐྱོད་དེ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་པ་བརྒྱུད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསོན་ཉམས་དོད་པོས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བརྒྱུད་སྤྲོད་བྱས་ཏེ། ཚང་མའི་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་དང་སྤྲོ་སེམས་འཕེལ་བར་བྱས།

ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་ཧུང་ཀོང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི། ཡུའེ་ཅན་ཕིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་དེང་རབས་ཅན་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད་པ་ནན་གྱིས་བསྟན། ཚང་འཛོམས་གྲོས་ཚོགས་ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ཁ་ཕྱོགས་གཏན་འཁེལ་བྱས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བཟུང་སྟེ། དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ནས་ཞིང་པ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་ལ་འགྲོ་བར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།