2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་སྒྲིལ་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཀོད་སྒྲིག་བྱེད་པའི་ལོ་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ་དཀའ་སེལ་མདུན་སྐྱོད་དང་འབད་འཐབ་ལྷོད་མེད་བྱས། འགྲན་སློང་སྣ་ཚོགས་ལ་གདོང་གཏད་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གིས་གྲུབ་འབྲས་གསར་པ་གལ་ཆེན་ལེན་པར་སྐུལ་འདེད་བཏང་། ཕྲེང་བསྟར་གསར་འགྱུར“ང་ཚོའི2025”ཞེས་པ་ལས་ཚེས29ཉིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་སྟབས་གསར་པ་སྤོས་ཞེས་པ་གཏང་རྒྱུ་ཡིན།
འདི་ནི་བབ་བསྟུན་དཀའ་སེལ་གྱི2025ཡིན། ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ལ་གདོང་གཏད་ནས་མདུན་སྐྱོད་དང་བརྟན་ཐོག་ཡར་འཕེལ་བརྩོན་ལེན་བྱས། དཔལ་འབྱོར་བསྡོམས་འབོར་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྐབས་སུ་བསྟུད་མར་སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་གཅིག སྒོར་རབ་བཀྲམ་ཆེན་མོ་གཅིག་རབ་བཀྲམ་གཉིས། སྒོར་རབ་བཀྲམ་ཆེན་མོ་གཅིག་རབ་བཀྲམ་གསུམ་བཅས་ཀྱིས་སྐས་རིམ་ཆེན་པོ་གསུམ་སྤོས་ཏེ། ད་ལོར་སྔོན་དཔག་ལྟར་ན་སྒོར་རབ་བཀྲམ་ཆེན་མོ་གཅིག་རབ་བཀྲམ་བཞི་ཡས་མས་སུ་བསླེབ་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མཇུག་ལེགས་པོ་བསྡུ་བར་རྨང་གཞི་བརྟན་པོ་འདིང་ངེས་རེད། ལོ་ཧྲིལ་བོའི་འབྲུ་རིགས་ཀྱི་ཐོན་ཚད་ཡང་བསྐྱར་རྒྱ་མ་ཁྲག་ཆེན་གཅིག་ཐེར་ཆེན་བཞི་ལས་བརྒལ། ནུས་ཁུངས་ཀྱི་རང་ཁ་རང་གསོའི་ཚད80%ཡན་སྲུང་འཛིན་བྱས་ཏེ། ནུས་ཁུངས་དང་འབྲུ་རིགས་གཉིས་གཏན་འཇགས་ངང་འཕར་བར་བྱས།
འདི་ནི་གསར་གཏོད་ཐོད་བརྒལ་གྱི2025ཡིན། གནམ་དཔྱད་གཉིས་པ་རྟགས་ཅན་རྒྱུ་སྐར་ཆུང་བ་འཚོལ་ཞིབ་ཚད་ལེན་དང་དཔེ་ལེན་ཕྱིར་ལོག་གི་བར་སྣང་འགྲུལ་བཞུད་གསར་བར་ཞུགས། “མིས་བཟོས་ཉི་མས”ཧྲེ་ཧྲི་ཏུའུ་དུང་ཕྱུར1སྐར་ཆ1066གི“སྤུས་ཚད་མཐོ་བའི་གྱེས་རྡུལ་མཉམ་གཟུགས་འཁོར་སྐྱོད”ལེགས་འགྲུབ་ཐོག་མ་བྱུང་སྟེ། ཀྲུང་གོ་འདུས་འགྱུར་གློག་འདོན་གྱི་འབྱུང་འགྱུར་ལ་གོམ་ཆེན་ཞིག་སྤོས། “ཙུའུ་ཁྲུང་ཀྲི་གསུམ་པ་རྟགས་ཅན”གྱི་ཚད་རྡུལ་མ་དབྱིབས་འཕྲུལ་འཁོར་ཞིབ་འཇུག་བཟོ་སྐྲུན་བྱས། དམིགས་བསལ་གྱི་གནད་དོན་གསལ་འགྲེལ་བྱས་པ་འཛམ་གླིང་གི་རིམ་འདས་རྩིས་འཁོར་ཆེས་མགྱོགས་པ་ལས་ཀྱང་ལྡབ་འགྱུར་གྱིས་མགྱོགས། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་སྒྲིལ་ལ་ཉེ་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་བ”རྗེས་མཐུད་ངང་འགོ་རྩོམ་པའི་སྣོལ་མཚམས་སུ། 2025ལོར་ཕྱི་མིག་བལྟས་ཚེ། ཆར་རླུང་གི་འཚུབ་ཆ་རྒོད་ལ། འགྲན་སློང་ལས་སྦྱོང་བརྡར་མང་པོ་ཐོབ་ཡོད། ཀྲུང་གོའི་མི་དམངས་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་གིས་འབད་འཐབ་ལ་བརྟེན་ནས་རྣམ་པ་མི་འདྲ་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཔེ་རིས་གསར་པ་བཞེངས།
ལོ་འདིར། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་། སྒོ་ཁྲལ་གྱི་སྤྲིན་ནག་གིས་འཛམ་གླིང་གི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་ཆར་ཆུ་དྲག་པོ་ཕབ། རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་སྔར་བཞིན་གནད་དོན་རྙིང་པ་དང་འགྲན་སློང་གསར་པ་མང་པོ་ཡོད། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཐད་ཀར་གདོང་གཏད་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་རྣམ་པ་ཆེན་པོ་གཉིས་གཅིག་གྱུར་འཆར་འགོད་བྱས་ཤིང་། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་ངང་གདོང་གཏོད་པ། རང་འགུལ་གྱིས་འགྱུར་བ་བཏང་སྟེ། ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའ་འཕེལ་རྒྱས་ལ་ཁ་ཕྱོགས་བསྟན། དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གཏན་འཇགས་ངང་འཕེལ་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ། རྟོག་ཞིབ་རེ་རེའི་གོ་རིམ་ཁྲོད། རྫོང་མཁར་གཞི་བྱས་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནས་དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བར་དང་། དེ་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་མཉམ་འདྲེས་ཡོང་བའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབ་པར་ཁ་ཕྱོགས་གསལ་བོ་བཏོན། 2025ལོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་སྤྱིའི་ཆ་ནས་མངོན་འགྱུར་བྱེད་པའི་བར། ལོ་བཅུའི་དུས་ཚོད་ལས་མེད། འདི་ལྟ་བུའི་གནད་འགག་གི་དུས་མཚམས་སུ་འཕེལ་ཕྱོགས་ཆེན་པོ་ལ་སྔར་བས་རྟོག་ཞིབ་ཟབ་མོ་བྱ་དགོས། ལོ་རྒྱུས་མཐིལ་རྟོགས་ཀྱི་སྤྱན་རྒྱ་ཡངས་པོར་བརྟེན་ནས་འཆར་འགོད་ལེགས་པོ་བྱ་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞི》ལ་གྲོས་འཆམ་བྱུང་། ཡིག་ཆ་འཆར་ཟིན་འགོད་པའི་གོ་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཡིག་ཆ་འཆར་ཟིན་འགོད་མཁན་ཚོ་ཆུང་གི་ཚན་གཙོའི་འགན་བཞེས་ལ། དངོས་སུ་འགོ་ཁྲིད་དང་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་གནང་སྟེ། གནད་འགག་དུས་སྐབས་སུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པའི་འཆར་གཞི་རླབས་ཆེན་བཀོད།
ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཡུན་གྱིས་བཤད་རྒྱུར། 2025ལོ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། ང་ཚོས་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་གདོང་གཏད་ཡོད། གནད་འགག་གི་དུས་སྐབས་དང་དུས་མཚམས་གལ་ཆེན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱན་རྒྱ་ཡངས་པོར་བརྟེན་ནས་ཁ་ཕྱོགས་གཏན་འཁེལ་གནང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་ཉེན་ཁ་སེལ་ཞིང་། འགྲན་སློང་ལ་གདོང་གཏད། རྒྱ་ཆེ་ས་ནས་ཇུས་འགོད་དང་ཞིབ་ས་ནས་ཇུས་ཐག་བཅད། སྟོབས་ཤུགས་གཅིག་སྒྲིལ་སྒོས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ཏེ། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་ང་ཚོར་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་ཐོབ་པར་བྱས་ཡོད་ཟེར།
བར་ཆད་ཁྲི་སྟོང་བྱུང་ཡང་ཉམས་པ་མེད། 2025ལོར། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དེ་བསྟུད་མར་རྒྱ་ཆེ་ས་དང་གཏིང་ཟབ་སར་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྤེལ་བའི་རྩ་བའི་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལས་བཏོན་པའི་བཅོས་བསྒྱུར་བྱེད་ཐབས་གལ་ཆེན300ལྷག་རིམ་གྱིས་དོན་ཐོག་ཏུ་འཁྱོལ་བཞིན་ཡོད་ལ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བཅོས་བསྒྱུར་གྲུབ་འབྲས་མངོན་གསལ་རེད། 《དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས》བཏོན་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དང་། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གི་རྨང་གཞིའི་སྒྲིག་བཀོད་སོགས་མང་པོ་དམངས་གཉེར་ཁེ་ལས་ཕྱོགས་ལ་སྒོ་ཕྱེས། “ནང་སྒྲིལ་རྣམ་པའི”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་བསྐྲུན་པར་དམིགས་ཏེ། བཅོས་བསྒྱུར་གྱི་བྱེད་ཐབས་རེ་རེས་དཀའ་གནད་དང་འགག་གནད་ལ་དམིགས་ནས་འཕེལ་རྒྱས་ཀྱི་འགོག་རྐྱེན་སེལ།
ལོ་འདིར། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁས་གླིང་ཕྲན་ཡོངས་ཀྱི་སྒོ་བརྒྱབ། ཀྲུང་གོ་ལམ་ལུགས་སྒོ་འབྱེད་ཀྱི་ཁྱབ་ཁོངས་སུ་གོམ་སྟབས་དེ་བས་ཆེན་པོ་སྤོས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རང་མོས་ཉོ་འཚོང་ཁུལ་གྱི3.0པར་གཞིའི་རིམ་སྤོར་གྲོས་ཡིག་ལ་དངོས་སུ་མིང་རྟགས་བཀོད། “མིང་རྟགས་འགོད་མི་དགོས་པའི་གྲོགས་ཚོམས”མུ་མཐུད་རྒྱ་ཆེར་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱས།
2025ལོར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།
ལོ་འདིར། བཟོ་ལས་དྲ་སྦྲེལ་སྟེགས་བུ་ནས་སྒྲོན་སྟེགས་བཟོ་གྲྭ། ཐོན་སྐྱེད་ནུས་ཤུགས་གསར་པ་ལས་འཚར་ལོངས་བྱུང་བའི་“ཀྲུང་གོའི་བཟོ་སྐྲུན”ལ་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་ཞིང་། སྲོལ་རྒྱུན་ཐོན་ལས“གསར་བརྗེ”དང་། གསར་དར་ཐོན་ལས་ཀྱིས“སྣེ་ཁྲིད ”པ་དང་། འབྱུང་འགྱུར་ཐོན་ལས“རྩ་བ་ཚུགས”པར་བྱས། མིག་སྔར་རང་རྒྱལ་གྱིས་རིམ་རྩིས་བྱས་ན5Gབཟོ་གྲྭ8000ལྷག་ཙམ་བསྐྲུན་ཟིན་པ་དང་རབས་གསར་པའི་འཕྲིན་གཏོང་དང་། ཀླད་འཕྲུལ་མཉམ་སྦྲེལ། སྐྱེ་དངོས་བཟོ་སྐྲུན་སོགས་ཐོན་ལས་གསར་པ་མགྱོགས་མོར་འཕར་བའི་དུས་མཚམས་གསར་པར་སླེབས།
ལྗང་མདོག་ཚུལ་སྒྱུར་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་སོང་། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་སྐབས་ཏུའུ3རེའི་གློག་ཏུའུ1ནི་ལྗང་གློག་ཡིན་པ་དང་། འགྲོ་སྐྱོད་བྱེད་བཞིན་པའི་རླངས་འཁོར10རེའི་ནང་ནུས་ཁུངས་གསར་པའི་རླངས་འཁོར་གཅིག་རེ་ཡོད་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་ཀྱིས་བཟུང་བའི་བསྡུར་ཚད་དེ་ཐོག་མའི་དམིགས་འབེན་ལས་ཚད་བརྒལ་ངང་འགྲུབ།
2025ལོའི་རིང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”རྒྱལ་ཁའི་ངང་མཇུག་སྒྲིལ་ལ་ཉེ། མིག་སྔར“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་ལས་གཞི་གལ་ཆེན102ཀྱི་དམིགས་འབེན་ལས་འགན་དུས་ལྟར་ལེགས་འགྲུབ་བྱུང་། བྱང་རྒྱུད་མཚོ་ཁུག་གི་འགྲམ་དུ། ཕིན་ལུའུ་མིས་བཟོས་གཙང་པོའི་ལས་གཞི་གཙོ་བོ་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ་དང་། 2026ལོར་བཟོ་བསྐྲུན་ལེགས་འགྲུབ་བྱུང་ནས་གྲུ་གཟིངས་ཤར་གཏོང་ཐུབ་རྗེས། གཙང་པོ་དང་རྒྱ་མཚོའི་སྦྲེལ་མཐུད་སྐྱེལ་འདྲེན་མངོན་འགྱུར་བྱུང་ནས་ནུབ་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་དེ“སྒོ་འབྱེད་མཇུག་སྣེ”ནས“སྒོ་འབྱེད་མདུན་གྲས”ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཐུབ། ནུབ་བྱང་མཐའ་མཚམས་སུ“མྱ་ངམ་ཐང་”གི་ནུས་ཁུངས་གསར་པའི་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་ཕྱིན་ཡོད། “རིམ་འདས་ལས་གཞི”རེ་རེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་ལ། ད་དུང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ད་ལྟའི་ཀྲུང་གོས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་མ་འོངས་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་གསོག་འཇོག་བྱེད་བཞིན་མཆིས།
ཧྲང་ཧའེ་དཔེ་དབྱིབས་ཆེན་པོའི་སྐྱེ་ཁམས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མ་རྐང་བདག་པོ་དབྱང་ཅིན་ཅིན་གྱིས་བཤད་རྒྱུར། ད་ལོའི་དཔྱིད་ཀར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་དཔེ་དབྱིབས་ཆེན་མོའི་བར་སྟོང་དུ་རྟོག་ཞིབ་གནང་བར་ཕེབས་དུས། ཁོང་གིས་ཚང་མར“མི་ཐབས་རིག་ནུས་ནི་ལས་དོན་གསར་བ་ཅིག་ཡིན་ལ་ན་གཞོན་རྣམས་ཀྱི་བྱ་གཞག་ཅིག་ཀྱང་ཡིན”ཞེས་སྐུལ་མ་བཏང་བས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་བས་ཀྱང་ང་ལ་སྤོབས་པ་སྐྱེད་པ་ཞིག་ནི་གནས་འདི་རྒྱལ་ཡོངས་ཀྱི་ཆེས་དར་ཆེ་བའི་མིད་བཟོས་རིག་ནུས་མཁར་སྡེ་རུ་གྱུར་པ་དེ་ཡིན་ལ། ང་ཚོས་ཀྱང་ལག་རྩལ་དེ་ཐོན་སྐྱེད་ནུས་ཤུགས་གསར་པར་བསྒྱུར་ནས། དུས་རབས་ཀྱི་རླབས་རྒྱུན་ཁྲོད་དཔའ་ངར་ཆེན་པོས་རྩེར་སོན་དམག་བྱས་ནས་ལམ་བུ་གསར་པ་གཏོད་རྒྱུ་ཡིན་ཟེར།
ཀུའེ་ཀྲོའུ་ཞིང་ཆེན་ལི་ཕིང་རྫོང་ཀྲའོ་ཞིན་སྡེ་བའི་ཏང་ཨུའི་ཧྲུའུ་ཅི་ལུའུ་ཝུའེ་མེན་གྱིས་བཤད་རྒྱུར། ད་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་དུས་ང་ཚོར་སྐུལ་ལྕག་གནང་ནས། ཚང་མས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་གྲོང་གསེབ་དར་སྤེལ་སྔར་ལས་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན་ཞིང་། ང་ཚོས་སྣུམ་རིགས་དང་ཇ་ལོའི་ལས་རིགས་རྙིང་པ་དེ་དག་སྔར་ལས་འདེབས་འཛུགས་ཡག་པོ་བྱས་པར་མ་ཟད། ད་རུང་ཏུང་ཚང་གི་ལག་རྩལ་རྙིང་བ་དང་རོལ་མོ་རྙིང་བ་དེ་ཡུལ་སྐོར་གྱི་བྱེད་སར་བསྒྱུར་ཞིང་། ང་ཚོས་ད་དུང་མུ་མཐུད་དུ་འབད་བརྩོན་བྱས་ནས་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཟེར།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ལམ་གསར་པའི་སྟེང་། མི་རེ་རེ་ནི་མི་སྣ་གཙོ་བོ་ཡིན་པ་དང་། བློས་གཏོང་རེ་རེ་ཧ་ཅང་རྩ་ཆེན་ཡིན་ལ། འོད་ཟེར་རེ་རེར་འོད་ཆེམ་ཆེམ་འཕྲོ་ངེས།
ཀྲུང་གོའི་མི་དམངས་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་གིས་བློ་སེམས་གཅིག་མཐུན་ངང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགྲིལ་ཤུགས་ཆེན་པོ་གཅིག་བསྡུས་ན། “ཀྲུང་ཧྭ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོ་སྔར་ལས་ཁོད་ཡངས་བའི་མ་འོངས་བའི་ཕྱོགས་སུ་སྐྱོད་ཐུབ་ངེས།