ཟླ12པའི་ཚེས16ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས2025ལོའི་ཞིང་ཕྱུགས་ཁྱབ་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བཞི་བྱ་དགའ་དང་ཁ་གསབ་ཏུ་བྱིན་པ་དང་། སྤུས་ལེགས་ཞིང་ཕྱུགས་ཐོན་ལས་ཀྱི་གཙོ་གཉེར་ཚོང་ཁང་བཅུ་གཙོ་གནད་དུ་བཟུང་སྟེ། དམིགས་ཡུལ་གསལ་བའི་སྒོ་ནས་ཟུང་རྟགས་གསོ་སྐྱོང་དང་། ཚན་རྩལ་ཞིབ་འཇུག ཚད་གཞི་བཟོ་བ་སོགས་ལྟེ་བའི་ལས་རིམ་ལ་ནུས་ཤུགས་བཏོན་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྫོང་ཡོངས་ཀྱི་རོང་འབྲོག་ཐོན་ལས་རགས་རིམ་འཕེལ་རྒྱས་ནས་ཞིབ་ཕྲ་དང་ནུས་མཐོའི་འཕེལ་རྒྱས་ལ་མཐོར་འདེགས་བྱེད་པར་སྐུལ་འདེད་བཏང་།
ཐེངས་འདིའི་བྱ་དགའ་དང་ཁ་གསབ་བྱ་བས“སྤྱི་བསྒྲགས་དང་། འདྲ་མཉམ། དྲང་བདེན། ལེགས་འདེམ”བཅས་ཀྱི་རྩ་དོན་དམ་སྲུང་བྱས་ཏེ། རིམ་བཞིན་ཁེ་ལས་ཀྱི་རང་འགུལ་སྙན་ཞུ་དང་རྫོང་རིམ་པའི་ཐོག་མའི་དཔྱད་བསྡུར། ཁུལ་རིམ་པའི་བསྐྱར་ཞིབ་སོགས་རིམ་པ་མང་བོའི་ནན་ཏན་གྱིས་འདེམ་གསེས་བྱས་པར་བརྟེན། མ་དངུལ་གྱི་བེད་སྤྱོད་གནད་ལ་ཁེལ་བར་འགན་ལེན་བྱས། བྱ་དགའ་ཐོབ་མཁན་ལ་མདོ་ལའི་ལུག་དང་མདོ་ལའི་ནོར་གནག་སོགས་ཕྱུགས་ལས་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་བོའི་གཙོ་ཁྲིད་ཐོན་ལས་ལ་ཁྱབ་ཡོད་པ་དང་། ད་དུང་སྤུས་ལེགས་འོ་བཟོས་ཐོན་རྫས་དང་ནས། ལོག་དཀར་སོགས་ཞིང་ལས་ཐོན་རྫས་ཀྱི་ཞིང་ཕྲའི་ལས་སྣོན་སོགས་ཀྱི་རམ་འདེགས་ཐོན་ལས་ཀྱང་འདུས་ཡོད། ཕྱོགས་ཡོངས་ནས་གསོ་སྤེལ་དང་ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་གནད་འགག་ལས་རིམ་ལ་ཁེབས་ཡོད། མ་དངུལ་གྱི་གཏོང་སྤྲོད་གནད་ལ་ཁེལ་བ་དེས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་གསར་གཏོད་འཕེལ་རྒྱས་ཀྱི་མ་དངུལ་གནོན་ཤུགས་སེལ་བར་ནུས་པ་ཐོན་ཡོད་པར་མ་ཟད། རྒྱུད་བཟང་གསོ་སྤེལ་དང་ལས་སྣོན་ཞིབ་ཕྲ། གྲང་འཁྱག་ཐོན་ལས་ཀྱི་དངོས་ཟོག་སྐྱེལ་འདྲེན་སོགས་ཐོན་ལས་མུ་ཕྲེང་གི་མི་འདང་ས་ཁ་སྐོང་བྱས་ཏེ། ཐོན་ལས་མུ་ཕྲེང་གི་སྤུས་འདེགས་ནུས་མཐོ་ལ་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས།