ཟླ12པའི་ཚེས26ཉིན། གསར་འགོད་པས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས་ཀྱི་མུ་འབྲེལ་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་དྲ་རྒྱའི་བར་སྟོང་བཅོས་སྐྱོང་དང་དྲང་ཕྱོགས་ཀྱི་ནུས་ཚད་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་དྲ་དམངས་ཀྱི་གཞི་ཁྱོན་ས་ཡ་བཞི་དང་འབུམ་གཉིས་ཁྲི་ལྔ་ལ་སླེབས་ཡོད་པ་དང་། སྦྲེལ་དྲའི་ཁྱབ་གདལ་ཚད་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་དྲུག་ལ་སླེབས་ཡོད་ཅིང་། འཁྱུག་དབྱངས་དང་མགྱོགས་འཕྲིན་སྟེགས་བུ་ཐོ་འགོད་བྱས་ཏེ་བེད་སྤྱོད་བྱེད་མཁན་ས་ཡ་ལྔ་ལས་བརྒལ་ཡོད། དེ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་སྤྱིའི་གཞི་ཁྱོན་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་བཞི་ལས་བརྒལ་ཏེ་ཆ་འཕྲིན་ཅན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་བསྩོལ་བའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།
ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། ཐོན་ལས་གནས་བཞི་འཛུགས་སྐྲུན། གྲོང་གསེབ་དར་སྤེལ་སོགས་བརྗོད་དོན་གཙོ་བོར་དམ་དུ་དམིགས་ནས་ཧུར་ཐག་གིས་དྲ་རྒྱའི་དྲང་ཕྱོགས་ཀྱི་ནུས་ཚད་གསོ་སྐྱོང་བྱས་པ་དང་། དྲ་རྒྱ་ཡོངས་སུ་འབྲེལ་ཡོད་རྩོམ་ཡིག་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་ཁྱབ་སྤེལ་བྱས་ཤིང་། ལྟ་ཀློག་བྱས་ཚད་ཐེངས་ཐེར་འབུམ་ལྔ་ལྷག་ལ་སླེབས་ནས་རྒྱ་ཆེའི་དྲ་དམངས་ཀྱི་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བསམ་བློའི་ཐུན་མོང་གི་ངོས་འཛིན་ནུས་ཡོད་སྒོས་གཅིག་སྡུད་བྱས།
ཆེད་དོན་དག་ཐེར་བཅོས་སྐྱོང་ཐད་ནས་རང་ཞིང་གིས་དག་ཐེར་བཅོས་སྐྱོང་བྱེད་སྒོ་རབ་དང་རིམ་པར་བརྟེན་ནས་དྲ་རྒྱའི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། ཉེ་བའི་ལོ་གཉིས་ཀྱི་ནང་། བསྡོམས་པས་ཁྲིམས་འགལ་ཆ་འཕྲིན་མི་ལེགས་པ་ཁྲི་གཅིག་ལྷག་གཙང་སེལ་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་ཐེམ་ཨང་དྲུག་བརྒྱ་ལྷག་ཐག་བཅད་ལ། རིགས་སོ་སོའི་དྲ་རྒྱ་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་གྱོད་དོན་སྟོང་གཉིས་དང་བཞི་བརྒྱ་བཅུ་ཐག་བཅད་པར་མ་ཟད། སྤྱོད་ལམ་མི་བཟང་བའི་དྲ་རྒྱའི་ཚོགས་པར་དག་ཐེར་བཅོས་སྐྱོང་བྱས་ཏེ་རྒྱ་ཆེའི་དྲ་དམངས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ།
དེ་མིན། རང་ཞིང་གིས་དམངས་ཡོངས་དྲ་རྒྱའི་བཅོས་སྐྱོང་ཁྲོད་ཞུགས་པའི་སྣང་ཚུལ་བཟང་བོ་བསྐྲུན་ནས་དྲ་རྒྱའི་སྨྱན་སྦྱོར་མཐུན་ཚོགས་འཛུགས་པ་དང་། སྦྲེལ་དྲ་དང་ཁྲིམས་སྐྱོང་མཉམ་བསྲེས་ཀྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ། བཅའ་ཁྲིམས་དང་འབྲེལ་བའི་བརྙན་ཐུང་ལེན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བཅོས་སྐྱོང་བྱང་ཚད་མཐོར་འདེགས་བཏང་བ་དང་། ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས5G གཞི་གནས་ས་ཚུགས་ཁྲི་གཉིས་ལྷག་ལ་སླེབས་ནས་ཡུལ་ཚོ་དང་གྲོང་རྡལ་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པར་མ་ཟད། ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་ཁྲོད་འདྲེས་པར་བྱས་ཏེ་བརྒྱ་བཤེར་དང360སོགས་ཁེ་ལས་མིང་གྲགས་ཅན་ནང་འགུག་བྱས།