ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་བསྩལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྒོ་འབྱེད་ཀྱི་ཀྲུང་གོ་ནི་ད་གཟོད་དེང་རབས་ཅན་གྱི་ཀྲུང་གོ་རུ་འགྱུར་ཐུབ། 2025ལོར། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རང་རྒྱལ་གྱིས་ཕྱི་ཕྱོགས་ཉོ་འཚོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྒོས་གསོ་སྐྱོང་དང་ཕྱི་རྒྱལ་གྱི་མ་རྩ་འགུག་འདྲེན་ལ་ཤུགས་བསྣན་ནས། སྒྲིག་སྲོལ་དང་ལམ་ལུགས།  དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་འབད་པས་སྐུལ་འདེད་བཏང་སྟེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ།

ད་ནི་ལོ་མཇུག་ལ་སླེབས་པ་དང་། ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་སྟབས་བརྟན་ཞིང་བསྟུད་མར་ཤུགས་བཏོན།

ཟླ12པའི་ཚེས18ཉིན། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁས་དངོས་སུ་གླིང་ཕྲན་ཡོངས་ཀྱི་འགག་སྒོ་རྒྱག་འགོ་ཚུགས། བཀག་སྡོམ་འཁོར་སྐྱོད་ཀྱི་གཟའ་འཁོར་དང་པོར(ཟླ12ཚེས18ནས24ཉིན་བར)ཡིན་པ་དང་། ཧའེ་ནན་གྱི་ཕྱི་ཕྱོགས་ཉོ་འཚོང་ཐོ་འགོད་སྙན་སེང་བྱེད་མཁན2000ལྷག་ཇེ་མང་དུ་ཕྱིན་ལ། ན་ནིང་གི་དུས་མཉམ་ལས་ལྡབ2.3འཕར་བ་དང་། ཉིན་གཅིག་གི་ཆ་སྙོམས་ལས་སྒོའི་གྲངས་འབོར་ནི་ད་ལོའི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ3.8ཡིན། ཧའེ་ནན་གླིང་ཕྲན་ནས་ཁ་བྲལ་སྐབས་དཔྱ་ཁྲལ་མར་ཆག་པའི་ཕྱིར་འཚོང་དངུལ་འབོར་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གཅིག་ཟིན་པ་དེ་དུས་མཉམ་ལས54.9%འཕར། ཕྱི་ཕྱོགས་སྒོ་འབྱེད་འགག་སྒོ8དང“རིམ་པ་གཉིས་པའི་འགག་སྒོ”10བརྟན་ཐོག་འཁོར་སྐྱོད་བྱས་ནས་འགག་སྒྲོལ་བདེ་བླག་ཡིན། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་བཏང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁས་དངོས་སུ་གླིང་ཕྲན་ཧྲིལ་པོའི་འགག་སྒོ་རྒྱབ་པ་དེ་ནི། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པ་དང་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་རེད། 2025ལོར། རིམ་འགྱུར་མགྱོགས་པའི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་ཟིང་ཆ་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོར་གསལ་རྟོགས་གཏིང་ཟབ་གནང་སྟེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོས་བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་བཏང་ནས། སྒོ་འབྱེད་ཁྲོད་གོ་སྐབས་མཉམ་སྤྱོད་དང་མཉམ་རྒྱལ་མངོན་འགྱུར་ཡོང་བར་བྱེད་དགོས། ས་གནས་ཁག་ཏུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་རིམ་པ་སོ་སོའི་ལས་བྱེད་པས་སྒོ་འབྱེད་ཆ་རྐྱེན་འོག་གནད་དོན་ལ་བསམ་བློ་གཏོང་བ་དང་ཇུས་ཐག་གཅོད་པ། བྱ་བ་དམ་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་པ་དང་།  ས་གནས་ཁག་གིས་རང་ས་ཆའི་དགེ་མཚན་དང་ཟུང་འབྲེལ་བྱས་ནས། སྤུས་ཚད་མཐོ་བས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བསྐྲུན་ཏེ། སྒོ་འབྱེད་ལས་སྟེགས་སྣ་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་སྣེ་རུ་བསྒྱུར་དགོས་པའི་བླང་བྱ་བཏོན།

ཉེ་སྔོན་འཚོགས་པའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང“ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་མང་པོའི་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་རྒྱུ”དེ་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ཁྲོད་བཅུག་ཅིང་། དེས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྡ་རྟགས་གསལ་པོ་བསྟན།

ཕྱི་ཕྱོགས་དཔལ་འབྱོར་ཉོ་འཚོང་སློབ་ཆེན་གྱི་སློབ་གཙོ་ཀྲའོ་ཀྲུང་ཞིའུ་ཡིས་བཤད་རྒྱུར། 2025ལོར། རྒྱལ་སྤྱིའི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་བབ་ཆེན་པོ་དམ་འཛིན་བྱས་ནས། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་ཐེངས་མང་གནང་། ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་ལམ་ལུགས་གསར་གཏོད་ལྟེ་བར་འཛིན་པ་དང་གྲུབ་ཚུལ་རིམ་སྤར་དམ་འཛིན་བྱ་ཡུལ་བྱེད་པ། གཉིས་ཕན་མཉམ་རྒྱལ་དེ་དམིགས་འབེན་བཅས་སུ་བཟུང་ནས། སྒོ་འབྱེད་འཕེལ་རྒྱས་གྲངས་ཚད་ཀྱི་གསོག་འཇོག་ནས་སྤུས་ཚད་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་། སྒོ་འབྱེད་མཉམ་ལས་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་བསྣན་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་བརྟན་ལྷིང་ཡོང་བར་ཡང་སྟོབས་ཤུགས་བསྩལ་ཡོད་ཟེར།

2025ལོའི་ཀྲུང་གོས་ཕྱི་ཕྱོགས་ཉོ་འཚོང་གི་གནོན་ཤུགས་ཐེག་ཏེ་དཔུང་སྐྱོད་བྱས། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་དངོས་ཟོག་ཉོ་འཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་རབ་བཀྲམས་བཞི་ཁྲག་ཆེན་གཅིག་ཁྲག་ཁྲིག་གཉིས་དུང་ཕྱུར་གཅིག་ལ་སླེབས་པ་དང་དུས་མཉམ་ལས3.6%འཕར། ཕྱིར་གཏོང་གི“རིན་ཐང་འདུས་ཚད”དང“གྲངས་ཚད་གསར་པ”བསྟུད་མར་འཕར། འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་གི་བསྡུར་ཚད་བརྒྱ་ཆའི་དྲུག་ཅུ་ལས་བརྒལ་བ་དང་། “དཔེ་རྣམ་གསར་བ་གསུམ”གྱི་ཐོན་རྫས་དང་གྲུ་གཟིངས། འདུས་གྲུབ་གློག་ལམ་ཕྱིར་གཏོང་ཚད་བཅས་ཆ་སྙོམས་ཀྱིས20%ཡན་འཕར། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་བྱས་པའི་ཟིན་ཚད50%ལས་བརྒལ་པ་དང་། དུས་མཚུངས་སུ་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་དང་ནང་འདྲེན་ཁྲོམ་ར་ཨང་གཉིས་པ་ཡིན་པའི་ཆ་ནས། རང་རྒྱལ་གྱི་ནང་འདྲེན་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ10%ཡན་དུ་བརྟན་པོར་གནས། 2025ལོའི་ཀྲུང་གོས་སྤུས་ཚད་མཐོ་བའི་ཕྱི་རྒྱལ་གྱི་མ་དངུལ་མགྱོགས་མྱུར་གྱིས་གཅིག་བསྡུས་བྱས། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས61207གསར་དུ་བཙུགས་པ་དང་། ན་ནིང་གི་དུས་མཉམ་ལས16.9%འཕར་ལ། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་བརྒྱ་ཆའི་སུམ་བཅུ་ལས་བརྒལ།

2025ལོར་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཐབས་རབ་དང་རིམ་པའི་གོམ་སྟབས་མྱུར་ཞིང་བརྟན། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡིན་པའི་དོན་ཚན20ཡོངས་བསྒྲགས་བྱས་ཏེ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་ཚད་བཀག་བླང་བྱ་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱི་མངའ་ཁོངས་ནང་ཡང་བསྐྱར་མ་དངུལ་འཇོག་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་གཏན་འཁེལ་བྱས། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་ལ་སྔར་ལས་ལྷག་པའི་བཅོས་སྒྱུར་གྱི་རང་བདག་དབང་ཆ་སྤྲད་དེ། དངུལ་རྩ་དང་ཤེས་ལྡན་མི་སྣ། དངོས་ཟོག་རྒྱལ་མཚམས་ལས་བརྒལ་ནས་འཁོར་རྒྱུག་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱི་འཚོལ་ཞིབ་བྱས། ཏ་ལེན་དང་ཉིང་པོ་སོགས་ཞབས་ཞུའི་ལས་རིགས་སྒོ་འབྱེད་རྒྱ་བསྐྱེད་པའི་ཕྱོགས་བསྡུས་ཚོད་ལྟ་བྱེད་གནས་གྲོང་ཁྱེར9གསར་དུ་ཁ་སྣོན་བྱས་ཏེ། གཙོ་གནད་ཞབས་ཞུའི་ཁྱབ་ཁོངས་སྒོ་འབྱེད་དང་ཐོན་ལས་གསར་གཏོད་འཕེལ་རྒྱས་སོགས་ལ་དམིགས་ནས། ཚོད་ལྟའི་ལས་འགན155གཏན་འཁེལ་བྱས།

2025ལོའི་ཀྲུང་གོས་ལམ་ལུགས་རྣམ་པའི་སྒོ་འབྱེད་ཟབ་སྤེལ་བྱས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ22ཀྱིས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་རང་འགུལ་གྱིས་འབྲེལ་མཐུད་བྱས་ཏེ། བསྡོམས་པས་སྐོར་ཐེངས་གཉིས་སམ་ཚོད་ལྟའི་ས་ཚིགས་ཀྱི་བྱེད་ཐབས110ལྷག་བཏོན། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་སྟོང་ཆའི་བཞི་མ་ཟིན་པའི་རྒྱལ་ཁོངས་རྒྱ་ཁྱོན་ལ་བརྟེན་ཏེ། རྒྱལ་ཡོངས་ཀྱི་ལྔ་ཆའི་གཅིག་ཟིན་པའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དང་ཕྱི་ཕྱོགས་ཚོང་བའི་དངུལ་གཏོང་གི་བྱས་རྗེས་བཞག 2025ལོའི་ཀྲུང་གོས་རང་མོས་ཚོང་དོན་གྱི“གྲོགས་ཚོམས”སྤུས་ཚད་མཐོ་འདེགས་དང་རིམ་སྤར་བྱས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་རང་མོས་ཉོ་ཚོང་ཁུལ་གྱི་པར་གཞི3.0གི་རིམ་སྤར་གྲོས་ཆོད་ཡི་གེར་མིང་རྟགས་བཀོད། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་5གསར་དུ་འཕར། ཕན་ཚུན་སྒོ་ཁྲལ་གཅོག་པ་ནས་སྒྲིག་སྲོལ་མཉམ་སྐྲུན་གྱི་བར། སྒོ་འབྱེད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན། 2025ལོར་སྔར་བས་སྒོ་འབྱེད་ཅན་གྱི་ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་ཕྱིན།

བསྟུད་མར་ལོ8ལ་ནང་འདྲེན་འགྲེམ་ཚོགས་བསྡུས་ནས། བསྡོམས་པས་འདོད་མོས་ཉོ་ཚོང་ཚད་ཨ་སྒོར་ཁྲག་ཁྲིག་ལྔ་ཐེར་ཆེན་བརྒྱད་ལས་བརྒལ། རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་འགྲེམ་ཚོགས་དང་། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་འགྲེམ་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་འགྲེམ་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་འདོན་སྤྲོད་སྦྲེལ་ཐག་སྐུལ་སྤེལ་འགྲེམ་ཚོགས་སོགས་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཀྱིས་སྒོ་འབྱེད་རྣམ་པས་རྒྱལ་ཁབ་སོ་སོའི་ཁེ་ལས་འཕེལ་རྒྱས་ལ་བར་སྟོང་ཆེན་པོ་དང་འཕེལ་རྒྱས་ཀྱི་གོ་སྐབས་འདོན་སྤྲོད་བྱས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ལས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་བསྐྱེད་དེ། མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་དགོས་པ་བཏོན། འཐབ་ལམ་གསར་པ་རུ། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་གཏིང་རིམ་བཅོས་བསྒྱུར་སྐུལ་སྤེལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་ལ་གཏན་འཇགས་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་མང་པོ་མཁོ་འདོན་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།