སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་ལྷིང་དང་བདེ་འཇགས་ངང་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དོན་ཆེན་གཙོ་བོ་ཡིན་པ་ནན་གྱིས་བསྟན་ཡོད།
2025ལོར། རང་རྒྱལ་གྱིས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་ནས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོ་དགོས།
2025ལོར། རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་ལ་ཡང་བསྐྱར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།
དཔྱིད་དུས་ཀྱི་ཐན་པ་དང་། དབྱར་དུས་ཀྱི་དྲོད་ཚད་མཐོ་ཞིང་ཐན་པ་བྱུང་བ། སྟོན་དུས་སུ་་ཆར་བ་བསྟུད་མར་བབས་པ་སོགས་རང་བྱུང་གནོད་འཚེ་ཚབས་ཆེན་གྱིས་ཤུགས་རྐྱེན་སེལ་ཏེ། འབྲུ་རིགས་ཐོན་འབོར་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་བཞི་ཐེར་ཆེན་གསུམ་ཟིན་ཏེ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། སྲིང་བལ་དང་སྣུམ། མངར་ཆ། ཤ་སྒོང་། འོ་མ། ཤིང་ཏོག་དང་སྔོ་ཚལ། ཉ་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འདང་ངེས་བྱས་ཏེ་ཀྲུང་གོ་བའི་ཕོར་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་།
ཐོན་ནུས་མཐོ་རུ་བཏང་བ་ཕྲན་ཚེགས་ཀྱི་བྱ་བའི་ཁྲོད་དུ་མངོན།
ལོ་འདིའི་ནང་། ཕྱོགས་བསྡུས་ལག་རྩལ་གྱི་ཁྱབ་ཁོངས་ཆེན་པོ་དེ་ཐོན་སྤེལ་ལེགས་ཆར་གྱུར་ཡོད། གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་དེ་རྫོང702ཀྱི་སྒྲིག་གཞི་ཧྲིལ་པོར་སྐུལ་འདེད་བཏང་བ་དང་མུའུ་རེའི་ཐོན་ཚད་མཐོ་རུ་ཕྱིན་ནས་འབྲུ་རིགས་ཐོན་སྐྱེད་འཕར་སྣོན་ལ་བྱས་རྗེས་བཞག་ཚད90%ཡན་ཟིན། ལོ་འདིར། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་ཏ་ཐེན་གྱི་ལས་སྒྲུབ་བྱེད་སྟངས་གསར་རྐྱང་དུ་གྱུར་ཡོད། རྒྱང་ཚོར་སྲུང་སྐར་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་བཅས་ཀྱི་བཀོལ་སྤྱོད་རྣམ་པ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་ཞིང་ལས་ཚན་རྩལ་ཡར་ཐོན་གྱིས་བྱས་རྗེས་བཞག་ཚད་63.2%ལས་བརྒལ་ཡོད།
ཞིང་ལས་སྟོབས་ལྡན་དུ་འགྱུར་བར་ཐོག་མར་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་སྲུང་བྱེད་ནུས་ངེས་པར་དུ་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་ཡོད་པའི་ཀྲུང་གོས་ངེས་པར་དུ་རང་སྟོབས་རང་སྤེལ་གྱིས་རང་ཉིད་ཀྱི་ཕོར་བར་སྲུང་སྐྱོབ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣོན་པ་ནས་ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་། ན་ནིང་ལོ་མཇུག་ཏུ། ཁོང་གིས2025ལོའི“ཞིང་གསུམ”བྱ་བ་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་གལ་ཆེན་ནང་རྨོ་ཞིང་གི་རྩ་དོན་ནན་སྲུང་དང་སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། ད་ལོ་ཚུན་དུ་ཁོང་གིས་ཞིང་ལས་ཀྱི་ཞིང་ཆེན་ཆེ་གྲས་དང་འབྲུ་རིགས་ཞིང་ཆེན་ཆེ་གྲས་ལ་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་བརྟན་པོ་འཁུར་དགོས་པའི་མངགས་བཅོལ་ཐེངས་མང་གནང་།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཐུའུ་ཧྲེང་ཝུའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་བརླིང་དང་བདེ་འཇགས་ངང་མཁོ་སྤྲོད་བྱེད་པར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། ང་ཚོས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བར་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་གནང་ཡོད། ད་ལོ་ནས་བཟུང་། རང་རྒྱལ་གྱིས་མུ་མཐུད་དུ་ཐོན་ནུས་མཐོར་འདེགས་དང་ཞིང་དར་ཞིང་ཕན་། ཞིང་ཕྱུག་བཅས་ཀྱི་བསགས་འབོར་སྲིད་ཇུས་དང་འཕར་གྲངས་སྲིད་ཇུས་ཀྱིས་མཉམ་དུ་ཤུགས་འདོན་པ་དང་། དུས་རྒྱུན་ཐོན་སྐྱེད་བྱེད་ཐུབ་པ་དང་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་ལ། ཐལ་དྲགས་པའི་གནས་ཚུལ་འོག་ཐེག་ཐུབ་པ་དང་བློ་གཏད་ཆོག་པ་ཞིག་བྱེད་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་མི་འབོར་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་གི་རྒྱལ་ཁབ་ཆེན་པོའི་ལྟོ་བའི་གནད་དོན་ཐག་གཅོད་པར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱས་ཡོད།
2025ལོར། ཞིང་དར་ཞིང་ཕན། ཞིང་ཕྱུག་སྲིད་ཇུས་ཀྱི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན། རང་རྒྱལ་གྱིས་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་གི་ཁ་གསབ་དང་། འབྲས་སོབ་ཀྱི་ཁ་གསབ། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་བཅས་བརྟན་པོའི་ངང་ལག་བསྟར་བྱས། གྲོ་ཡི་ཉོ་སྒྲུབ་རིན་གོང་དམའ་ཤོས་དང་སྔ་སྨིན་འབྲས་ཉོ་སྒྲུབ་རིན་གོང་དམའ་ཤོས་བསྟུད་མར་མཐོ་རུ་བཏང་། འབྲུ་རིགས་གཙོ་བོ་གསུམ་པོའི་ལོ་ཏོག་གི་མ་རྩ་ཆ་ཚང་དང་ཡོང་འབབ་འགན་བཅོལ་ལག་བསྟར་བྱེད་ཁོངས་ཁྱོན་ཡོངས་ལ་ཁྱབ་ནས་ཞིང་པས་རྨོ་འདེབས་བྱེད་པ་དང་ས་གནས་ཀྱིས་ཞིང་ལས་དང་འབྲུ་རིགས་ལ་མཐོང་ཆེན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་འབྲུ་རིགས་རྒྱ་ཁྱོན་བསྟུད་མར་ལོ་དྲུག་ལ་འཕར་སྣོན་བྱུང་། ཀྲུང་དབྱང་ནོར་སྲིད་ཀྱིས་དུས་ཐོག་ཏུ་སྒོར་ཐེར་འབུམ་དྲུག་ལྷག་བཀོད་སྒྲིག་བྱས་ནས་ཐན་འགོག་ཞོད་འགོག་དང་། མྱུར་བསྡུ་མྱུར་ལེན། དབྱར་འབྲུ“གཅིག་གཏོར་གསུམ་འགོག”སྟོན་འབྲུ“གཅིག་གཏོར་སྐུལ་མང”བཅས་བྱེད་པར་རྒྱབ་སྐྱོར་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་མཉེན་ཤུགས་ཇེ་དྲག་ཏུ་བཏང་།
2025ལོར། ཞིང་ལས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་། ས་གནས་སོ་སོས་ཚད་གཞི་མཐོ་བའི་ཞིང་ས་མུའུ་བྱེ་བ་བདུན་ས་ཡ་ལྔ་ཙམ་གསར་སྐྲུན་དང་སྒྱུར་བཀོད་རིམ་སྤོར་བྱས། ཞིང་ཆུ་གཏོང་ཁུལ་ཆེ་གྲས7གསར་དུ་ལས་འགོ་བརྩམས་ཤིང་། ཞིང་ཆུ་གཏོང་ཁུལ་ཆེ་འབྲིང་ཁག172ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་སྒྱུར་བཀོད་རྣམ་གྲངས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་རྨོ་ཞིང་ཆུ་འདྲེན་རྒྱ་ཁྱོན་མུའུ་ཐེར་འབུམ་གཅིག་དང་བྱེ་བ་དགུ་ལས་བརྒལ་ཡོད། ཞིང་ལས་ཟོག་འབྲེལ་དྲ་རྒྱ་དང་རིག་ལྡན་ལས་སྟེགས་བཅས་གཞི་ཁྱོན་ཆེན་པོས་ཞིང་ཁར་བཀོད་སྒྲིག་བྱས།
2025ལོར། སོན་ཁུངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་མགྱོགས་མྱུར་ངང་འགག་སྒྲོལ་བྱས། སྤུས་ཀ་ལེགས་པའི་གྲོ་དང་ཆུ་འབྲས། རྒྱུ་སྤུས་བཟང་ལ་འཕྲུལ་ཆས་ཀྱིས་བསྡུ་སླ་བའི་མ་རྨོས་ལོ་ཏོག ཐོན་ཚད་མཐོ་བ་དང་སྣུམ་མང་བའི་སྲན་ཆེན། སྨིན་སྔ་བའི་ལོག་དཀར་སོགས་ཐོན་སྐྱེད་ལ་དགོས་མཁོ་ཆེ་བའི་ས་བོན་གལ་ཆེན་ཁག་གཅིག་གིས་ཐོན་འཕར་གྱི་བག་ཤུགས་འདོན་སྤེལ་བྱས། ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་ཐེར་འབུམ་གཉིས་བཀོད་སྒྲིག་བྱས་ཏེ། སོན་བཟོ་བྱེད་པའི་རྫོང་ཆེན་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་འགྲོ་བར་རྒྱབ་སྐྱོར་དང་། རྒྱལ་ཁབ་ཀྱི་སོན་ལས་རྟེན་གཞིར་སོན་འདོན་འགན་སྲུང་བྱས་ཚད་བརྒྱ་ཆའི80སླེབས།
2025ལོར། ཞིང་འཕྲུལ་སྒྲིག་ཆས་ཀྱི་གཤིས་ནུས་དང་སྤུས་ཚད་རྒྱུན་མཐུད་ངང་ཇེ་མཐོ་རུ་སོང་། རྟ་ཤུགས300ཅན་གྱི་རིམ་མེད་འགྲོས་འགྱུར་འདྲུད་འཐེན་འཁོར་ལོ་སོགས་རྩེར་སོན་རིག་ནུས་ཞིང་ལས་འཕྲུལ་ཆས་རྣམས་ཐོན་ལས་ཅན་དུ་སྤྱོད་རྒྱུ་མངོན་འགྱུར་བྱུང་། གཟར་ཚད་ཏུའུ6ནས15བར་གྱི་རི་མ་ཐང་དུ་སྤྱོད་ཆོག་པའི་འདྲུད་འཐེན་འཕྲུལ་འཁོར་རིགས་སྣ་ཁ་འགའ་ཡང་མགྱོགས་མྱུར་ཁྱབ་གདལ་བྱུང་། ད་ལོའི་ཟླ་དང་པོ་ནས་ཟླ་དགུ་པའི་བར། ཀྲུང་དབྱང་གིས་འཕྲུལ་ཆས་ཡོ་བྱད་གསར་པ་ས་ཡ་གཉིས་དང་འབུམ་ལྔ་ཁྲི་དྲུག་བཞི་སྟོང་གི་ཉོ་སྒྲུབ་ལ་རྒྱབ་སྐྱོར་བྱས་པ་དང་། འཕྲུལ་ཆས་ས་ཡ་གཅིག་དང་ཁྲི་གཅིག་སྟོང་དྲུག་བེད་མེད་ཟུར་འཇོག་བྱས་ནས་གསར་སྒྱུར་བྱས།
རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་ཀྱི་རྨང་གཞི་ཁྱོན་ཡོངས་ནས་ཇེ་བརྟན་དུ་གཏོང་བ་དང་ཆབས་ཅིག་ཏུ། རང་རྒྱལ་གྱི་སྣ་མང་ཅན་གྱི་བཟའ་བཅའི་མཁོ་སྤྲོད་མ་ལག་ཀྱང་མགྱོགས་མྱུར་ངང་འཛུགས་བསྐྲུན་བྱེད་བཞིན་ཡོད།
མིག་སྔར། རང་རྒྱལ་གྱི་འདེབས་འཛུགས་ལས་རིགས་ཀྱི་སྒྲིག་བཀོད་རྒྱ་ཁྱོན་མུའུ་བྱེ་བ་བཞི་ལ་སླེབས། སྒྲིག་བཀོད་སྔོ་ཚལ་དང་ནགས་ཚལ་བཟའ་བཅའི་ལོ་རེའི་ཐོན་ཚད་ཏུན་དུང་ཕྱུར2ལས་བརྒལ་བ་དང་། གཏིང་ཟབ་རྒྱང་རིང་རྒྱ་མཚོའི་གསོ་སྤེལ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཉིན་འདི་དག་ལ། ཧོང་ཧའེ་རྒྱ་མཚོ་རུ་གནས་པའི་རྒྱལ་ཁབ་རིམ་པའི་རྒྱ་མཚོའི་ཉ་གསོའི་དཔེ་སྟོན་ས་ཁུལ་འདིར། ཚྭ་མེད་ཆུའི་ནང་དུ་གསོས་པའི་སན་ཝུན་ཉ་ས་ཡ་གཅིག་ལྷག་སྐམ་ས་ནས་འདིར་དྲུད་དེ་སྔོ་མདོག་གི་འབྲུ་མཛོད་འཛུགས་སྐྲུན་ལ་ཤུགས་བསྣན།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ནང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་བཅས་ཆེ་རུ་གཏོང་རྒྱུ་དེ་གནས་བབ་སྔར་ལས་གལ་ཆེན་ཐོག་འཇོག་དགོས་པའི་གྲོས་གཞི་བཏོན། ད་ལོར་འཚོགས་པའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་ཐོག འབྲུ་རིགས་ཐོན་སྐྱེད་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན། མིག་སྔར། རང་རྒྱལ་གྱིས་སྐོར་ཐེངས་གསར་པའི་འབྲུ་རིགས་ཐོན་ནུས་རྒྱ་མ་ཁྲག་ཁྲིག་ལ་ཆེ་རུ་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད་པ་དང་། དེས་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་ཡོངས་བརྟན་ལྷིང་དང་། འགྱུར་ལྡོག་ཐག་གཅོད། རྣམ་པ་གསར་པ་གཏོད་པ་བཅས་བྱ་ཆེད་གཏིང་ཤུགས་དང་འཐབ་ཇུས་ཀྱི་རང་འགུལ་འདང་ངེས་མཁོ་འདོན་བྱེད་བཞིན་ཡོད།