ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས28ཉིན། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སིས་ཟི་ལིང་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཀྱི་སྤྱི་གཉེར་པ་ཀྲང་པིན་ནན་སོགས་ཀྱིས་བཞུགས་མོལ་བྱས་པ་མ་ཟད་གན་རྒྱ་འཇོག་པར་བདེན་དཔང་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲང་པིན་ནན་སོགས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ནི་འཛམ་གླིང་གི་སྔོན་ཐོན་གྱི་རྨང་གཞིའི་སྒྲིག་བཀོད་ཕྱོགས་བསྡུས་ཞབས་ཞུའི་ཚོང་པ་ཧ་ཅང་ཆེ་གྲས་ཡིན་པའི་ངོས་ནས། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་། རྣམ་པ་གསར་པའི་རྨང་གཞིའི་སྒྲིག་བཀོད། རྒྱལ་སྤྱི་ཅན་འཕེལ་རྒྱས་སོགས་ཀྱི་ཐད་མདུན་གྲལ་དུ་བསྐྱོད་ནས། མཚོ་སྔོན་དང་མཉམ་ལས་བྱེད་པའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དང་བསྟུན་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་།     འཐབ་ཇུས་གནས་བབ་སྤྱི་ཡོངས་ནས་འཕར་བའི་དུས་དང་སྐྱེ་ཁམས་ཀྱི་ཁྱད་སྟོབས་ཚུལ་སྒྱུར་བྱེད་པའི་གནད་འགག་གི་དུས་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་དང་མཐོར་འདེགས་གཏོང་བའི་དུས་སུ་སླེབས་ཡོད་པས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཐེངས་འདིའི་མཉམ་ལས་གྲོས་མཐུན་འགོད་པ་འགོ་རྩོམ་སར་བརྩིས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་། ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་མ་ལག་འཛུགས་པ།     རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ།   ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།     གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ།     “ལམ་གཉིས”སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཧུར་ཐག་གིས་ཁྱད་སྟོབས་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད། གཉིས་ཕན་མཉམ་རྒྱལ་བཅས་བྱས་ཏེ། ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་དཔེ་མཚོན་གསར་པ་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཀྲང་པིན་ནན་གྱིས་ཁེ་ལས་ཀྱི་མ་འོངས་པའི་འཆར་འགོད་དང་མཚོ་སྔོན་དུ་འཕེལ་རྒྱས་བཏང་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཁེ་ལས་ནི་ལོ་རྒྱུས་སྟེང་གི་མཚོ་བོད་གཞུང་ལམ་གྱི་འཛུགས་སྐྲུན་མཁན་ཡིན་པ་དང་། མཚོ་སྔོན་དང་མཉམ་དུ“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་།  མཚོ་སྔོན་དུ་མུ་མཐུད་དུ་གཞི་ཚུགས་པར་བྱས་ནས་ལས་སྒོ་བཀོད་སྒྲིག་རྒྱ་ཆེར་བཏང་སྟེ། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་ནས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་མངོན་པར་བྱས་ལ། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན།

ཁྲེང་ཅི་ཝེ་དང་དབྱང་དབྱི་ཧྲེང་གིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གན་རྒྱར་མིང་རྟགས་བཀོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།