ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་ཟླ12པའི་ཚེས25ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོའི་འཚོ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན།  ཀྲུང་དབྱང་གི་ཁེ་ལས་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ཀྱིས་བསྟན་དོན། ཆབ་སྲིད་ཀྱི་ལྟ་སྐུལ་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་ཏེ། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ཏེ།     ལྐོག་ཟ་དང་རུལ་སུངས་ལ་ཆད་པ་གཅོད་པའི་རྣམ་པ་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱེད་པ་དང་། རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ།   སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་།     ཁྲིམས་སྐྱོང་ཅན། ཡང་དག་ཅན་བཅས་འཛུགས་སྐྱོང་བྱེད་པའི་ལོའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། ཏང་གིས་ཏང་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཁུར་ནས། ཡིད་ཆེས་བརྟན་པོ་དང་ལག་ལེན་ནན་མོས་སྤྱོད་ཚུལ་ལ་སྣེ་ཁྲིད་བྱེད་པ་དང་། བདེན་འཚོལ་དངོས་གཉེར་ལ་བརྟེན་ནས་སྤྱོད་ཚུལ་ལ་སྣེ་ཁྲིད་པ། དངོས་སྒྲུབ་ལ་བརྟེན་ནས་སྤྱོད་ཚུལ་མངོན་པར་བྱེད་པ། དངོས་སྒྲུབ་འགན་འཁྲིར་བརྟེན་ནས་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པ། སྤྱོད་གཙང་རང་གཅུན་གྱིས་སྤྱོད་ཚུལ་ལ་ཞུན་བརྡར་བྱེད་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་སྒྲིག་བཟོ་དང་ལག་བསྟར་བྱེད་པ་དང་། 2026ལོར་བྱ་བ་སྣ་ཚོགས་འགོ་རྩོམ་པའི་ཁྲོད་འགན་འཁྲི་ཁུར་ཕོད་པ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པར་སྐུལ་ཁྲིད་བྱ་དགོས་ལ། དུས་ནམ་ཡང་ཀླད་པ་གསལ་པོ་དང་ཚད་མཐའ་བརྟན་སྲུང་བྱེད་པ། རང་གཅུན་ནན་མོ་བཅས་བྱས་ཏེ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྣང་ཚུལ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་མདུན་དུ་སྤེལ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་དམིགས་ནས། ལྟེ་བའི་བྱེད་ནུས་ཆེ་རུ་གཏོང་བ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ཏེ།     ཀྲུང་དབྱང་ཁེ་ལས་བར་གྱི་གཉིས་ཕན་མཉམ་ལས་ལ་རང་འགུལ་ངང་ཤུགས་བསྣན་ནས། ཀྲུང་དབྱང་ཁེ་ལས་ཀྱིས་ལྗང་མདོག་ཐཱན་ཉུང་དང་ཚན་རྩལ་གསར་སྐྲུན་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་སྐུལ་ཁྲིད་ཧུར་ཐག་བྱས་ཏེ།    ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་ཁབ་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་དང་ཁེ་ལས་དེང་རབས་ཅན་གྱི་བཅོས་སྐྱོང་སོགས་ཀྱི་ཐད་ཐོལ་བརྒལ་གསར་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་ཡག་པོ་བྱས་ནས། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ།  ཤེས་ལྡན་མི་སྣ་གནད་ལ་འཁེལ་བའི་གསོ་སྐྱོང་དང་བཀོལ་སྤྱོད་ཐད་ཡང་བསྐྱར་ནུས་ཤུགས་བཏོན་ཏེ།  ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣའི་གདེང་འཇོག་དང་སྐུལ་ལྕག་མ་ལག་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས་པ་བསྟན།

གྲོས་ཚོགས་སྟེང་ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་འཛུགས་སྐྱོང་བྱེད་པར་དམིགས་ཏེ།   གསར་གཏོད་དང་གནས་འཚམ། མཛེས་སྡུག མཉེན་གཤིས། དཔལ་ཡོན། རིག་ནུས་གྲོང་ཁྱེར་བཅས་ཀྱི་དམིགས་འབེན་འཛུགས་སྐྱོང་བྱས་ཏེ། རང་ཞིང་གི་གྲོང་ཁྱེར་འཕེལ་རྒྱས་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་གཞི་ཚུགས་ནས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ནུས་ཤུགས་ཡོད་རྒུས་མི་འདང་ས་ཁ་གསབ་བྱེད་པ། གསོག་ཚད་ཐོན་ཁུངས་ལེགས་སྒྱུར་བཅས་བྱས་ཏེ།  བཅོས་སྒྱུར་གྱི་བྱེད་ཐབས་དང་གསར་གཏོད་ཀྱི་བྱེད་ཐབས་སྤྱད་དེ། རྒྱུན་མཐུད་ཐུབ་པའི་གྲོང་ཁྱེར་གསར་སྒྱུར་གྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་བཅོས་སྐྱོང་གི་ནུས་པ་མཐོར་འདེགས་སུ་བཏང་སྟེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས་པ་བསྟན།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།