ཟླ12པའི་ཚེས27ཉིན་ནས་ཚེས28ཉིན་བར། རྒྱལ་ཡོངས་ནོར་སྲིད་ལས་དོན་གྲོས་ཚོགས་པེ་ཅིང་དུ་བསྡུས་ཤིང་། ནོར་སྲིད་པུའུ་ཡི་པུའུ་ཀྲང་གིས་གྲོས་ཚོགས་སུ་བསྟན་པ་གཤམ་ལྟར།
སང་ལོར་མུ་མཐུད་དུ་ནོར་སྲིད་ཀྱི་སྲིད་ཇུས་སྔར་ལས་ཡག་པོ་ལག་བསྟར་བྱ་རྒྱུ།
“སྔར་ལས་ཡག་པོ”ཞེས་པ་ཡིས་མ་དངུལ་གྱི་གཞི་ཁྱོན་མཚོན་ཡོད་པ་མ་ཟད། མ་དངུལ་བཀོལ་སྤྱོད་ཀྱི་ཕན་ཆོད་ཇེ་ཆེར་གཏོང་བ་ཡང་མཚོན་ཡོད། དེ་ལས་སང་ལོར་ནོར་སྲིད་ཀྱི་གཏོང་སྒོ་རྒྱ་སྐྱེད་དེ། དགོས་ངེས་ཀྱི་གཏོང་སྒོའི་ཕྱོགས་ལ་འགན་ལེན་བྱ་རྒྱུ་དང་། སྲིད་ཇུས་ཀྱི་བུན་ལོར་ལག་ཆ་བསྡུ་སྒྲིལ་ལེགས་སྒྱུར་བྱས་ནས་བུན་ལོར་གྱི་ཕན་འབྲས་སྔར་ལས་ལེགས་པོ་རྒྱུ།
ནོར་སྲིད་པུའུ་ཡིས་སང་ལོར་མུ་མཐུད་དུ་མ་དངུལ་བཀོད་སྒྲིག་བརྒྱབ་ཏེ་འཛད་སྤྱོད་པའི་རྙིང་ཚབ་གསར་བརྗེ་ལ་རྒྱབ་སྐྱོར་བྱ་རྒྱུ།
སང་ལོར་ནོར་སྲིད་ཀྱིས་འཛད་སྤྱོད་འཕེལ་བསྐྱེད་ལ་ཤུགས་བསྣན་རྒྱུ་སྟེ། འཛད་སྤྱོད་འཕེལ་བསྐྱེད་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་རྙིང་ཚབ་གསར་བརྗེ་ཡི་ཐོན་རྫས་འཛད་སྤྱོད་ཕྱོགས་ལ་མུ་མཐུད་དུ་མ་དངུལ་བཏང་ནས་རྒྱབ་སྐྱོར་བྱ་རྒྱུ།
སང་ལོར་ནོར་སྲིད་ཀྱིས་སྡོད་དམངས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏང་རྒྱུ།
གཞི་རྩར་འགན་སྲུང་དང་མ་མཐའི་ཚད་ཐིག་སྲུང་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། དམངས་ཚིས་འགན་སྲུང་ལ་ཤུགས་སྣོན་ཏན་ཏིག་བྱ་རྒྱུ། སང་ལོར་སྡོད་དམངས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏང་རྒྱུ་སྟེ། ལས་ཞུགས་ཀྱི་ཁ་གསབ་མ་དངུལ་དང་ལས་ཤོར་འགན་སྲུང་ཐེབས་རྩ་ལ་སོགས་པའི་མ་དངུལ་ཁག་གཅིག་འགྱུར་འཆར་འགོད་བཟོས་ཏེ། ཁེ་ལས་ཀྱི་ལས་གནས་གཏན་འཇགས་དང་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་སོགས་པར་རྒྱབ་སྐྱོར་ལ་ཁྲིད་སྟོན་བྱ་རྒྱུ། ཁྲལ་བསྡུ་དང་སྤྱི་ཚོགས་འགན་སྲུང་། མ་དངུལ་སྒྱུར་སྤྲོད་ལ་སོགས་ཀྱི་སྙོམས་སྒྲིག་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཐབས་ལམ་དུ་མ་ནས་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་བྱ་རྒྱུ།
སང་ལོར་འབྲེལ་ཡོད་སྤྱི་གཞུང་ཞབས་ཞུ་གར་འགྲོ་གར་བསྡད་ནས་བསྒྲུབ་ཆོག་པ་བྱ་རྒྱུ།
སང་ལོར་ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འབྲེལ་ཡོད་ཀྱི་སྤྱི་གཞུང་ཞབས་ཞུ་གར་འགྲོ་གར་བསྡད་ནས་བསྒྲུབ་ཆོག་པར་སྐུལ་འདེད་བཏང་ནས་ཞིང་ལས་ཀྱི་མི་འབོར་སྤོ་སྒྱུར་བྱས་པའི་བུ་ཕྲུག་གི་སློབ་གསོ་དང་སྤྱི་ཚོགས་འགན་སྲུང་ལ་སོགས་ཀྱི་གནད་དོན་གཙོར་བཟུང་ནས་ཐག་གཅད་རྒྱུ།
སློབ་ལོ་ལོན་པའི་མི་འབོར་འགྱུར་ལྡོག་ལ་འཚམ་པའི་སློབ་གསོའི་འགྲོ་གྲོན་བགོ་བཤའི་ལམ་ལུགས་གསར་པ་ཞིབ་འཇུག་ཐོག་གཟུག་རྒྱུ།
སང་ལོར་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པོ་བསྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་སྟེ། ནོར་སྲིད་ཀྱི་སློབ་གསོའི་གཏོང་སྒོ་ལ་སྔར་ལས་ཤུགས་བསྣན་ཏེ། སློབ་ལོ་ལོན་པའི་མི་འབོར་འགྱུར་ལྡོག་དང་འཚམ་པའི་སློབ་གསོའི་འགྲོ་གྲོན་བགོ་བཤའི་ལམ་ལུགས་གསར་པ་ཞིབ་འཇུག་ཐོག་གཟུག་རྒྱུ། རིན་མེད་ཀྱི་སྔོན་འགྲོ་སློབ་གསོའི་སྲིད་ཇུས་རིམ་པ་བཞིན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། འོས་འགན་སློབ་གསོ་སྤུས་ལེགས་ལ་དོ་མཉམ་པོའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏང་བ་དང་། མཐོ་འབྲིང་དཀྱུས་མའི་བསླབ་གནས་འདོན་སྤྲོད་རྒྱ་བསྐྱེད་དང་ལས་རིགས་སློབ་གྲྭའི་སློབ་གཉེར་ནུས་པ་མཐོར་འདེགས་ལ་སོགས་པར་རྒྱབ་སྐྱོར་བྱ་རྒྱུ།