-ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་འགྱུར་མེད་གནས་ལུགས་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ནན་གྱིས་བསྟན་དོན། “སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་པ”དང་། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་པ་བརྟན་པོ་སྤོ་བ”དེ“ལྔ་བཅོ་ལྔའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོའི་གྲས་སུ་བཞག་ན། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་ཁུར་གཙོ་བོ་འདི་མུ་མཐུད་དུ་དམ་པོར་འཛིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བར་དོན་སྙིང་ཆེན་པོ་ལྡན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་ལྟར། འཕེལ་རྒྱས་གསར་པའི་འདུ་ཤེས་ཀྱིས་སྣེ་ཁྲིད་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་བ་དང་། གང་ཞིག་སྒྲུབ་པ་དང་གང་ཞིག་མི་སྒྲུབ་པ་སྔར་ལས་རྒྱུན་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། དཔལ་འབྱོར་གྱི་སྒྲིག་གཞི་ལེགས་བསྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་ནས།མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། སྤུས་ཀ་བཅོས་བསྒྱུར་དང་ནུས་ཕྱོད་བཅོས་བསྒྱུར། སྒུལ་ཤུགས་བཅོས་བསྒྱུར་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ལ་སྤུས་ཀའི་ཐད་ནས་མཐོར་འདེགས་ནུས་ལྡན་འབྱུང་བ་དང་གྲངས་ཀའི་ཐད་ནས་འཕར་སྣོན་འོས་འཚམ་འབྱུང་བར་སྐུལ་འདེད་གཏོང་བ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཐད་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་དགོས།
“ལྔ་བཅོ་ལྔའི”དུས་སྐབས་ནི། མཚོ་སྔོན་གྱི་འཐབ་ཇུས་གོ་གནས་ཧྲིལ་པོ་འཕར་བའི་དུས་སྐབས་དང་སྐྱེ་ཁམས་དགེ་མཚན་བསྒྱུར་བའི་གནད་འགག་གི་དུས་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་མཐོར་འདེགས་བྱེད་པའི་དུས་སྐབས་ཡིན་ལ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཀྱང་ཡིན། མཚོ་སྔོན་གྱི་བྱ་བ་ལེགས་པོར་སྒྲུབ་པའི་ཐབས་དམ་པ་གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ་དེ་རེད། རྒྱལ་ཁབ་ལ་ཅི་མཁོ་དང་མཚོ་སྔོན་གྱིས་ཅི་ནུས། མང་ཚོགས་ཀྱིས་ཅི་རེ་ལ་གཞིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ཞན་ཆ་ཁ་གསབ་དང་ལེགས་ཆ་དར་སྤེལ། རྨང་གཞི་སྲ་བརྟན། སྒུལ་ནུས་གསོག་འཇོག་བཅས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་ལས་འགན་ལ་ཐོད་བརྒལ་གལ་ཆེན་འབྱུང་བར་སྐུལ་འདེད་གཏོང་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀླད་པ་གསལ་པོ་བྱེད་དགོས། མཚོ་སྔོན་ལ་མཚོན་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་བརྗོད་གཞིར་བཟུང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་བཏོན་པའི“རྒྱུན་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་བརྩི་སྲུང་བྱེད་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་པ་དང་། སྔར་ལས་མཐོ་བའི་ཚད་གཞིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་ཤུགས་བསྣན་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་གི་ཕྱོགས་སུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཐོན་ཁུངས་གཙོ་བོའི་འདོན་སྤྲོད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཚམ་མཐུན་རང་བཞིན་མཐོར་འདེགས་གཏོང་བ། རིགས་སོ་སོའི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་ཡོངས་སུ་བསླང་བ། ཐོན་ཁུངས་ཚོང་ར་ཅན་གྱི་སྡེབ་སྒྲིག་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། དཔལ་འབྱོར་གྱི་བཅོས་སྐྱོང་ནུས་ཕྱོད་མཐོར་འདེགས་གཏོང་བ། ཚོང་ར་ནུས་ལྡན་དང་གོ་རིམ་ཡོད་པ་དང་སྲིད་གཞུང་ལ་ལག་ལེན་ཡོད་པ་དང་ཚད་ཡོད་པ་མངོན་འགྱུར་བྱེད་པ་བཅས་ཀྱིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་ཡོང་བར་ཁག་ཐེག་བྱེད་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་ན། འཕེལ་རྒྱས་དོ་མཉམ་མིན་པ་དང་ཆ་ཚང་མིན་པའི་གནད་དོན་མངོན་གསལ་ཅན་ལ་དམིགས་དགོས་ཤིང་། ཡུན་རིང་འཕེལ་རྒྱས་ཀྱི་ཆེད་དུ་རྨང་གཞི་བརྟན་པོ་འདིང་བར་དམིགས་ནས་སྔོན་ལ་བཀོད་སྒྲིག་བྱས་ཏེ། སྣེ་ཁྲིད་རང་བཞིན་དང་གསར་སྐྲུན་རང་བཞིན་ལྡན་པའི་ལས་འགན་གལ་ཆེན་གྱི་སྟེང་དུ་ཐོད་བརྒལ་འབྱུང་བར་བརྩོན་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་གྱིས་གཏན་འཁེལ་མིན་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་འཇལ་ཏེ། དཔལ་འབྱོར་འཕེལ་རྒྱས་འོས་འཚམ་གྱི་བར་ཁོངས་སུ་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱེད་དགོས། འཕེལ་རྒྱས་གསར་པའི་རྣམ་པའི་ཁྲོད་འདྲེས་ཤིང་དེར་ཞབས་འདེགས་ཞུ་དགོས། དངོས་གཉེར་དཔལ་འབྱོར་གྱི་རྩ་བ་བརྟན་པར་བྱེད་པ་དང་རྒྱ་བསྐྱེད་པ་དང་། ཐོན་ཁུངས་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་བྱེད་ཚད་གོམ་སྟབས་བརྟན་པོས་མཐོར་འདེགས་གཏོང་དགོས། ཕྱོགས་ཡོངས་ནས་ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་པ་སྟེ། ནང་མཁོ་ལ་ཤུགས་བསྣན་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོའི་ནུས་པ་འདོན་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་མོར་འདྲེས་པ་སྟེ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་ལྗང་མདོག་རྩིས་གློག་གིས་འཕེལ་རྒྱས་ལ་མཐུན་སྦྱོར་བྱེད་པའི་སྤུས་ཀ་དང་ཕན་ནུས་མཐོར་འདེགས་གཏོང་བ། གསར་སྐྲུན་མ་ལག་གི་སྤྱིའི་ཕན་ནུས་མཐོར་འདེགས་གཏོང་བ་སྟེ། དགེ་མཚན་ལ་གཞིགས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕར་བའི་སྒུལ་ནུས་གསར་པར་འགྱུར་བར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་རྒྱ་བསྐྱེད་དགོས། ཞིང་ལས་ཞིང་གྲོང་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ས་ཁོངས་དོ་མཉམ་གྱིས་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། དགེ་མཚན་གསབ་རེས་བྱེད་པའི་ས་ཁོངས་དཔལ་འབྱོར་གྱི་རྣམ་པ་བསྐྲུན་པ། བཟོ་ལས་ཅན་གསར་པའི་རིགས་དང་ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་སྐས་རིམ་གསར་པར་སྤོ་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ནས་ཐོད་བརྒལ་གསར་པ་བླངས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། །