ཟླ12པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་དུ་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་བྱེད་དུ་སོང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བྱ་བའི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་གཟོ་བ་དང་དངོས་སྒྲུབ་ལ་བརྟེན་ནས་རྒྱུགས་ལན་སྤྲད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།
སློབ་ཁྲིད་བྱེད་སྐབས་ལིའུ་ཆི་ཧྥན་གྱིས་གསོན་ཉམས་དོད་པའི་དཔེ་མཚོན་དང་གོ་བདེ་བའི་སྐད་ཆ། གཞི་གྲངས་ཞིབ་ཕྲ་བཅས་སྤྱད་དེ་མཚོ་སྔོན་གྱི་ས་ཆ་འདི་ཤེས་རྟོགས་དང་ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བསྐྱོད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་བྱས་རྗེས་འཇོག་པ་བཅས་ལག་ལེན་གསུམ་གྱི་ཐད་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཏེ། མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་དང་འོད་སྟོང་ལ་རྒྱས་བཤད་གཏིང་ཟབ་བྱས་པ་མ་ཟད། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་དང་དམིགས་འབེན་ལས་འགན། ལག་ལེན་གྱི་ཐབས་ལམ་བཅས་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་ཀློག་བྱས། ཁོས་རྒྱ་ཆེའི་ན་གཞོན་སློབ་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ནན་མོ་བློ་ལ་བརྟན་པོར་ངེས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི“གཙོ་ཤུགས་དམག”ཡག་པོ་བྱེད་དགོས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་ཆེས་བློ་དཀར་གྱི་སྲུང་སྐྱོང་པ་དང་། ཐོན་ལས“གནས་བཞིའི”ཆེས་མདུན་གྲལ་གྱི་འཛུགས་སྐྲུན་པ། གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཆེས་འཁྲུག་ཆ་དོད་པའི་འབད་འཐབ་པ། བཅོས་སྒྱུར་སྒོ་འབྱེད་དང་མཐུན་སྒྲིལ་ཡར་ཐོན་གྱི་ཡར་སྐུལ་པ་བཅས་བྱས་ཏེ། བླ་ན་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་ཐོབ་དཀའ་བའི་དུས་རབས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ཏེ་དུས་རབས་ཀྱི་གནས་ཚད་མ་ལག་ནང་འབད་འཐབ་ཀྱི་ངོ་མཚར་ཆེ་བའི་རྒྱུགས་ལན་འབྲི་དགོས་པ་ནན་གྱིས་བསྟན།
ལིའུ་ཆི་ཧྥན་གྱིས་རྒྱ་ཆེའི་ན་གཞོན་སློབ་མ་རྣམས་ལ་དད་སེམས་ཀྱི་རྨང་གཞི་བརྟན་པོ་ཡོད་དགོས་པ་དང“མིག་ནང་འོད་ཟེར་འཕྲོ་བའི”མཚོ་སྔོན་གསར་པའི་འཛུགས་སྐྲུན་པ་བྱེད་པ། ཕུལ་དུ་བྱུང་བའི་རྩལ་ནུས་སྦྱོང་བརྡར་བྱས་ཏེ“ལག་ཏུ་ཐབས་ཤེས་ཡོད་པའི”མཚོ་སྔོན་གསར་པའི་འཛུགས་སྐྲུན་པ་བྱེད་པ། དཔའ་ངར་ཆེན་པོས་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་ནས“ཕྲག་ཏུ་འགན་འཁྲི་ཡོད་པའི”མཚོ་སྔོན་གསར་པའི་འཛུགས་སྐྲུན་པ་བྱེད་པ། བློས་གཏོང་གི་རྩ་བ་ཚུགས་པར་བྱས་ནས“རྐང་འོག་ཏུ་འདམ་ཡོད་པའི”མཚོ་སྔོན་གསར་པའི་འཛུགས་སྐྲུན་པ་བྱེད་དགོས་པ་བཅས་ཀྱི་སྐུལ་ལྕག་གནང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་ལས་རིགས་སློབ་གསོའི་ངེས་གནས་རྒྱུན་འཁྱོངས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དེ་ལས་མང་བའི“གཞི་རིམ་དུ་འགྲོ་ཐུབ་པ་དང་། འདུག་ཐུབ་པ། བཀོལ་ཐུབ་པའི”བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་བྱས་རྗེས་ཆེན་པོ་འཇོག་ཐུབ་རྒྱུའི་རེ་བ་བཅངས་ཡོད།