ཟླ12པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་དང་རྐང་རྩེད་སྤོ་ལོའི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། མིག་སྔའི་ཞིང་ཆེན་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ལས་དོན་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད། གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ལས་དོན་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝེ་ཡིས་ཚོགས་འདུར་འགོ་འཛིན་བྱས།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྐང་རྩེད་སྤོ་ལོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རྐང་རྩེད་སྤོ་ལོའི་ལས་དོན་ལ་བཀོད་སྒྲིག་གང་ལེགས་བྱས་ཏེ། ཀུན་གྱི་སྣེ་ཁྲིད་ནས་རྐང་རྩེད་སྤོ་ལོའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁ་ཕྱོགས་གསལ་པོ་བསྟན་ཡོད། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་རྐང་རྩེད་སྤོ་ལོའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཆེ་རུ་གཏོང་བ། གཞོན་ནུའི་སྦྱོང་བརྡར་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། འགྲན་བསྡུར་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་ལས་དོན་སྔར་ལས་ལེགས་པ་དང་སྔར་ལས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ན་གཞོན་སྦྱོང་བརྡར་མ་ལག་འཛུགས་པ་དང་། “ལུས་རྩལ་དང་སློབ་གསོ་མཉམ་འདྲེས”ཀྱི་མཉམ་ལས་ལམ་སྲོལ་ཟབ་སྤེལ་གཏོང་བ། ན་གཞོན་སྦྱོང་བརྡར་བྱེད་སྟངས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། སྦྱོང་བརྡར་སྤུས་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་མཐོ་རུ་བཏང་སྟེ། ན་གཞོན་སྦྱོང་བརྡར་མ་ལག་དེ་མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་འཇོན་མིའི“འབྱུང་ཁུངས་དང་གསོན་ཤུགས”དངོས་སུ་འགྱུར་བར་བྱེད་དགོས། སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་ཇེ་ལེགས་སུ་གཏོང་བ། འགྲན་བསྡུར་མ་ལག་འཐུས་ཚང་དུ་གཏོང་བ། སློབ་ཁྲིད་ཀྱི་བཅོས་སྒྱུར་ལས་དོན་ཟབ་སྤེལ་གཏོང་བ་བཅས་བྱས་ཏེ། སློབ་གྲྭའི་རྐང་རྩེད་སྤོ་ལོ་རྒྱུན་མཐུད་ངང་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་དགོས། རྐང་རྩེད་སྤོ་ལོའི་འཇོན་མི་འཚར་ལོངས་ཡོང་བའི་ཐབས་ལམ་གེགས་མེད་ཡོང་བར་བྱེད་པ་དང་རྒྱུ་ཆ་འདེམས་པའི་མཐོང་རྒྱ་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ཐབས་ལམ་མཐུན་སྦྱོར་བྱེད་པ། བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ། འཐུས་སྒོ་ཚང་ཞིང་ཚན་རིག་དང་མཐུན་པའི་རྐང་རྩེད་སྤོ་ལོའི་འཇོན་མིའི་གསོ་སྐྱོང་གི་རྣམ་པ་འཛུགས་རྒྱུར་ཤུགས་སྣོན་དགོས། རྩལ་ཁྲིད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ། སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དཔུང་སྡེ་ཡི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། རྩལ་ཁྲིད་པའི་དཔུང་སྡེ་རུ་གནས་པའི་ཞན་ཆ་མངོན་གསལ་ཅན་གྱི་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་ས་རྒྱུ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་གཏོང་བ། འགྲན་བསྡུར་མཁོ་སྤྲོད་མང་དུ་གཏོང་བ། སྣ་མང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐོ་སྒང་གི་རྐང་རྩེད་སྤོ་ལོ་དེ་སྣང་བརྙན་ཅན་གྱི“གསེར་གྱི་མིང་བྱང”དང་། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་གསར་པ”། དཔལ་འབྱོར་འཕེལ་རྒྱས་གཏོང་བའི“འཕར་ཚད་སྣེ་མོ”རུ་འགྱུར་བར་བྱེད་དགོས། རྐང་རྩེད་སྤོ་ལོའི་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་གཏོང་བ་དང་། རྐང་རྩེད་སྤོ་ལོའི་སྙིང་སྟོབས་གསོ་སྐྱོང་གང་ལེགས་བྱེད་པ། རྐང་རྩེད་སྤོ་ལོའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ། སྤོ་ལོར་དགའ་མཁན་ལ་ཕྱོགས་ཡོངས་ནས་སྐུལ་སློང་བཅས་བྱས་ཏེ། བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་བོ་མུ་མཐུད་དུ་བསྐྲུན་ནས། མཐོ་སྒང་གི་རྐང་རྩེད་སྤོ་ལོའི་བྱ་གཞག་གི་ལེའུ་གསར་པ་འབྲི་དགོས་ཤིང་། མཐོ་སྒང་གི་ལུས་རྩལ་གྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་འབུལ་དགོས།
ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་གྱིས་རྐང་རྩེད་སྤོ་ལོ་དར་རྒྱས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་བའི་བྱེད་ཐབས་དུ་མ(བསམ་འཆར་བསྡུ་ལེན་མ་ཡིག)》ཞེས་པ་པར་འགྲེམས་བྱས། ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཟི་ལིང་གྲོང་ཁྱེར། ཡུས་ཧྲུའུ་ཁུལ་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་སྐོར་ཞིག ཞིང་ཆེན་རྐང་རྩེད་སྤོ་ལོའི་མཐུན་ཚོགས། གྲོང་ཁྱེར་དང་ཁུལ་གྱི་སྲིད་གཞུང་སོ་སོ། དེ་བཞིན་ལུས་རྩལ་སློབ་གསོའི་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།