
གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་2023ལོར། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་བཞི་པའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་སྤེལ་རྒྱུའི་ཐག་བཅད་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་དང་ཁག་བཞི་པའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཞིབ་ཕྲའི་བཀོད་སྒྲིག་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ལོ་2023ལོའི་ལོ་མཇུག་ཏུ་ཁག་བཞི་པའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་སྤེལ་འགོ་ཚུགས་པ་དང་། སྤྱི་ལོ་2025ལོའི་ཟླ་བ་5ཚེས་31ཉིན་བར། ཁག་བཞི་པའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་གྱི་ས་ཡུལ་དངོས་ཀྱི་རྟོག་ཞིབ་ཡོངས་སུ་མཇུག་འགྲིལ་བ་དང་། རིག་དངོས་ས་ཚིགས་4277ལ་བསྐྱར་དུ་རྟོག་ཞིབ་བྱས་ཤིང་། བསྐྱར་དུ་བརྟག་ཞིབ་བྱེད་ཚད་བརྒྱ་ཆ་100ཟིན་པ་དང་། རིག་དངོས་ས་ཚིགས་3346གསར་རྙེད་བྱུང་ཞིང་འཕར་ཚད་བརྒྱ་ཆ་76.2ཟིན་ནས་ད་ཡོད་ཀྱི་རིག་དངོས་ཐོན་ཁུངས་ཀྱི་སྤྱི་འབོར་ས་ཚིགས་7623ཟིན་ཡོད།

གསར་རྙེད་བྱུང་བའི་རིག་དངོས་ས་ཚིགས་ཀྱི་རིགས་དབྱེ་ཚུལ་ནས་བལྟས་ན། རིག་གནས་གནའ་ཤུལ་རིགས་1071དང་། གནའ་བོའི་བང་སོའི་རིགས་553 གནའ་བོའི་འཛུགས་སྐྲུན་རིགས་746 རྡོ་བརྐོས་དང་བྲག་ཕུག་དགོན་ཤུལ་རིགས་701 ཉེ་རབས་ཀྱི་ལོ་རྒྱུས་གནའ་ཤུལ་གལ་ཆེན་དང་འཐུས་ཚབ་རང་བཞིན་གྱི་འཛུགས་སྐྲུན་རིགས་224 དེ་མིན་གྱི་རིགས་གཞན་51བཅས་ཡོད་པ་དང་། དེ་དག་གི་ས་ཁོངས་ཁྱབ་ཚུལ་ནས་བལྟས་ན། ལྷ་ས་གྲོང་ཁྱེར་དུ་ས་ཚིགས་151དང་། གཞིས་རྩེ་གྲོང་ཁྱེར་དུ་ས་ཚིགས་909 ལྷོ་ཁ་གྲོང་ཁྱེར་དུ་ས་ཚིགས་796 ཉིང་ཁྲི་གྲོང་ཁྱེར་དུ་ས་ཚིགས་191 ཆབ་མདོ་གྲོང་ཁྱེར་དུ་ས་ཚིགས་240 ནག་ཆུ་གྲོང་ཁྱེར་དུ་ས་ཚིགས་474 མངའ་རིས་ས་ཁུལ་དུ་ས་ཚིགས་585བཅས་ཡོད་པ་རེད། བོད་ལྗོངས་ནི་རྒྱལ་ཡོངས་ནས་རིག་དངོས་ས་ཚིགས་གསར་རྙེད་བྱུང་མང་ཤོས་ཀྱི་ཞིང་ལྗོངས་གྲས་ཤིག་རེད་ལ། རྒྱལ་ཡོངས་ནས་རིག་དངོས་མེད་པར་གྱུར་ཉུང་ཤོས་ཀྱི་ཞིང་ལྗོངས་ཤིག་ཀྱང་རེད། གཞིས་རྩེ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ནས་གསར་རྙེད་བྱུང་བའི་རིག་དངོས་ས་ཚིགས་ཀྱི་གྲངས་འབོར་ཚང་མ་500ལས་བརྒལ་བ་དང་། བོད་ལྗོངས་ཀྱི་རྫོང་རིམ་པའི་ཡོངས་བཤེར་བྱ་ཡུལ་ཚང་མ་ནས་རིག་དངོས་གསར་རྙེད་བྱུང་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།