ཟླ12པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་དང་ལག་ཤེས་པ། ཤེས་ལྡན་མི་སྣ་བཅས་ཀྱིས་ཁེ་ལས་ལ་རོགས་རམ་དང་ཕན་ཁེ་བསྐྲུན་པའི“ས་ཡ་བྱེ་བའི་འགུལ་སྐྱོད”དངོས་སུ་འགོ་བརྩམས་པ་དང་། ལག་རྩལ་རོགས་སྐྱོར་བྱེད་སྒོ་ཐོག་མ་དེ་དུས་མཉམ་དུ་ཁེ་ལས་དང་དེ་བཞིན་སློབ་གླིང་ལྔ་རུ་སྤེལ་བ་དང་། འདིས་དུས་ཡུན་ལོ་ལྔའི་རིང་གི་ཆེད་དོན་འགུལ་སྐྱོད་དེ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་རིམ་དུ་སླེབས་པ་མཚོན།
འགུལ་སྐྱོད་འདི་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་མཉམ་འབྲེལ་གྱིས་རྩ་འཛུགས་བྱས་ནས་སྤེལ་བ་ཞིག་ཡིན་པ་དང་། འདིའི་དམིགས་ཡུལ་ནི་ངལ་རྩོལ་དཔེ་བཟང་དང་ལག་ཤེས་པ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཁེ་ལས་འཕེལ་རྒྱས་ལ་ནུས་པ་ཐོན་པར་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་སྒུལ་ནུས་སྩོལ་ཆེད་ཡིན། འགུལ་སྐྱོད་དེ“ཕྱི་ནས་ནང་འདྲེན་དང་ནང་ནས་རྒྱུན་འཛིན་ཟུང་འབྲེལ”གྱི་རྣམ་པའི་ཐོག་ནས་སྐུལ་འདེད་བཏང་བ་དང་། འགོ་རྩོམ་མཛད་སྒོའི་ཐོག་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ4ཡིས་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ཁེ་ལས་དང་དེ་བཞིན་མཐོ་རིམ་སློབ་གྲྭ4བར་ཆ་སྒྲིག་རོགས་སྐྱོར་གྱི་གྲོས་མཐུན་བཞག་པ་དང་། ཞིང་ཆེན་ནང་ཁུལ་གྱི་ངལ་རྩོལ་དཔེ་བཟང་དང་ལག་ཤེས་པ། ཤེས་ལྡན་མི་སྣ་བཅས4ཡི་འཐུས་ཚབ་དང་དུས་མཉམ་དུ་ཁེ་ལས་ཀྱི་ལག་རྩལ་རྐང་འཛིན་མི་སྣ4བར“དགེ་སློབ་ཆ་སྒྲིག”གི་གྲོས་མཐུན་བཞག་པ་དང་། ལག་རྩལ་ཞབས་ཞུའི་རུ་ཁག་ལ་དར་ཆ་སྤྲད་ནས་ཡུལ་དངོས་དང་པོར་བསྐྱོད།
ཉིན་དེར་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ5ཡིས་ཞིང་ཆེན་རང་གི་ལག་རྩལ་མཁས་པ་དང་ངལ་རྩོལ་དཔེ་བཟང་དང་ལག་ཤེས་པ20དང་ལག་གདང་སྦྲེལ་ནས་མཉམ་དུ་ལག་རྩལ་ཞབས་ཞུའི་རུ་ཁག་གྲུབ་པ་དང་། སོ་སོར་མཚོ་སྔོན་ནུབ་རྒྱུད་ཆུ་གློག་ཚད་ཡོད་ཀུང་སི་སོགས་ལས་ཁུངས་ལྔ་ཡི་ཐོན་སྐྱེད་དང་སློབ་ཁྲིད་ཡུལ་དངོས་དང་པོར་བསྐྱོད་དེ། “ས་གནས་དང་ས་གནས་བར”ལག་རྩལ་བརྟག་དཔྱད་དང་། “གཅིག་གཏད་གཅིག” གི་ལག་རྩལ་མཛུབ་སྟོན་དང་དངོས་སྦྱོང་ཉམས་མྱོང་མཉམ་སྤྱོད་བྱས། བསྡོམས་རྩིས་བྱས་པ་ལྟར་ན། བྱེད་སྒོ་ཐོག་མར་རིམ་རྩིས་བྱས་ན་ཐོན་སྐྱེད་ལག་རྩལ་གྱི་དཀའ་གནད་ཁག46ཐག་གཅོད་བྱས་པ་དང་། ཡུལ་དངོས་སུ་གསོ་སྦྱོང་བྱེད་ཚད་མི་ཐེངས1000ལྷག་ཟིན་ཡོད།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་རིམ་རྩིས་བྱས་ན་ངལ་རྩོལ་དཔེ་བཟང་དང་ལག་ཤེས་པ918རྩ་འཛུགས་བྱས་ནས་ཁེ་ལས་སུ་ཟབ་ཞུགས་བྱས་ཏེ། ཐོན་སྐྱེད་ཀྱི་དཀའ་གནད495ཐག་གཅོད་བྱས་པ་དང་ལས་བཟོ་བ་མི་ཐེངས་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་ལ་གསོ་སྦྱོང་བྱས། 2024ལོའི་ཚུན་དུ། “རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་མཚོ་སྔོན་ལ་བསྐྱོད”ཅེས་པའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། དེ་སྔ་ཁེ་ལས་ཀྱིས་ལག་རྩལ་གྱི་དཀའ་གནད་ཁག146སེལ་རྒྱུར་རོགས་རམ་བྱས་ཡོད། ངལ་རྩོལ་དཔེ་བཟང་དང་ལག་ཤེས་པ། ཤེས་ལྡན་མི་སྣ་བཅས་ཀྱིས་ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་ཕན་ཁེ་བསྐྲུན་པའི“ས་ཡ་བྱེ་བའི་འགུལ་སྐྱོད”ཀྱི་ཇུས་གཞི་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་ཆེད་དོན་འགུལ་སྐྱོད་སྤེལ་ནས་ལོ་རེར་མི100ལས་མི་ཉུང་བའི་ཆེད་དོན་བྱེད་སྒོ་རྩ་འཛུགས་དང་། ངལ་རྩོལ་དཔེ་བཟང་དང་ལག་ཤེས་པ། ཤེས་ལྡན་མི་སྣ་བཅས་མི་ཐེངས1000ཡན་སྐུལ་སློང་བྱས་ཏེ། ཁེ་ལས500ཡི་ལག་རྩལ་གྱི་དཀའ་གནད1000ལས་མི་ཉུང་བ་ཐག་གཅོད་བྱས་ནས། ལས་བཟོ་བ5000ཡན་གྱི་རྩལ་ནུས་མཐོ་རུ་གཏོང་རྒྱུར་རོགས་རམ་བྱ་རྒྱུའི་འཆར་གཞི་ཡོད།