ཝུའུ་ཞའོ་ཅུན་གྱིས་ནུས་ཁུངས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་རྟོག་ཞིབ་བྱས་ནས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ནུས་ཁུངས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་རྟོག་ཞིབ་བྱས་པར་མ་ཟད། བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁེ་ལས་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་སྒོས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་ནས། ནུས་ཁུངས་མ་ལག་གསར་པ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱིས་ནུས་ཁུངས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་སྔ་རྗེས་སུ་མཚོ་སྔོན་ཆའོ་ཐོའུ་གློག་འདོན་ཚད་ཡོད་འགན་འཁྲི་ཀུང་སི་དང་མཚོ་བོད་ལྕགས་ལམ་ཟོག་འགྲེམས་ལྟེ་གནས། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱི་མཚོ་སྔོན་ཀུང་སི། རྒྱལ་ཁབ་དྲ་བའི་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིར་སོང་ནས། བཟོ་གྲྭའི་ཁང་པའི་ནང་དུ་སོང་བ་དང་ལྟེ་བའི་ཚོད་འཛིན་ལ་བལྟས་ནས། མྱུར་ཚད་ཀྱི་སྐོར་ནས་འདྲི་རྩད་བྱས་ཏེ། ཐོན་སྐྱེད་འཁོར་རྒྱུག་དང་ལག་རྩལ་གསར་གཏོད། འཕེལ་རྒྱས་འཆར་འགོད། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་ལས་གཞན། ཁེ་ལས་འཕེལ་རྒྱས་ཀྱི་རེ་འདུན་ལ་ཉན་རྗེས། ཁེ་ལས་ཀྱིས་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། གཙོ་གནད་ལས་གཞི་དམ་འཛིན་བྱེད་སར་བརྩིས་ནས། ནུས་ཁུངས་གསར་པའི་ཐོན་ལས་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་བ་དང་། གློག་ཤུགས་དང་གློག་ཚད་དོ་མཉམ་ཡོང་བར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ནུས་ཁུངས་གསར་པའི་ལས་གཞིའི་དྲ་སྦྲེལ་དང་འཁོར་སྐྱོད་བྱེད་འགོ་རྩོམ་པར་སྐུལ་འདེད་ནུས་ལྡན་བཏང་སྟེ། དངོས་ཟོག་མཁོ་སྤྲོད་ཀྱི་སྦྲེལ་ཐག་ཧྲིལ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་སྔོན་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་དགེ་མཚན་འཕེལ་རྒྱས་ཀྱི་རྒྱལ་ཁ་དངོས་ལ་བསྒྱུར་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས་པའི་རེ་བ་བཏོན།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ནུས་ཁུངས་ཅུས་སོགས་ས་གནས་སྡེ་ཁག་གིས་འབྲེལ་ཡོད་བྱ་བའི་སྐོར་ནས་སྙན་ཞུ་ཕུལ་བ་དང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཧྭ་ཏེན་སྡེ་ཚོགས་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་ཧྭ་ནེང་སྡེ་ཚོགས་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སི། ཏ་ཐང་མཚོ་སྔོན་ནུས་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི། ཀྲུང་གོ་འབྲི་ཆུའི་འགག་གསུམ་སྡེ་ཚོགས་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་ཀོང་ཧི་སྡེ་ཚོགས་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སི་སོགས་ཀྲུང་དབྱང་ཁེ་ལས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཆར་གཞིར་དམིགས་ནས་གཏམ་བཤད། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ཀྱི་འགན་འཁུར་བ་དང་བསམ་བློ་བརྗེ་རེས་བྱས་ནས། རྒྱ་ཆེའི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་མ་དངུལ་གཏོང་བ་དང་མཚོ་སྔོན་འཛུགས་སྐྲུན་བྱས་པར་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས།

ཝུའུ་ཞའོ་ཅུན་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལ། མཚོ་སྔོན་གྱི་ནུས་ཁུངས་གཙང་མས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པར་ཁས་ལེན་གང་ལེགས་བྱས་ཏེ་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཀྱི་རིན་ཐང་མཚོན་པའི་དུས་སྐབས་ཡག་པོ་ཞིག་ཡིན་པ་དང་། ཁེ་ལས་ཀྱིས་ལྗང་མདོག་ལེགས་ཆ་ཐོན་ལས་འགྲན་རྩོད་ནུས་ཤུགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཡིན།  རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་པ་དང་ནུས་ཁུངས་ཐོན་ཁུངས་ཀྱི་དགེ་མཚན་དངོས་ནས་རྐང་ཚུགས་པར་བྱེད་པ། འཆར་འགོད་སྒྲིག་འགོད་ཡག་པོ་བྱས་ཏེ། མཚོ་སྔོན་དུ་ཡོད་པའི་ལས་གཞི་སྔར་ལས་གང་མང་སྡེ་ཚོགས་སྤྱི་ཁྱབ་པུའུ་ཡི་མངའ་ཁོངས་སུ་འཇུག་དགོས། རྒྱལ་ཁབ་ཀྱི་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་ནུས་ཁུངས་གསར་པའི་ལས་གཞི་ཁག་ཅིག་བཀོད་སྒྲིག་བྱས་ཏེ། ནུས་ཁུངས་མཁོ་སྤྲོད་ཀྱི་གཞི་ཁྱོན་རྒྱ་སྐྱེད་གཏོང་དགོས། རྣམ་པ་གསར་པའི་ནུས་གསོག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། འོད་ནུས་དང་ཚ་ནུས་གློག་འདོན་ས་ཚིགས་ཀྱིས་སྣེ་ཁྲིད་བྱེད་པ་དང་། ཆུ་འཐེན་ནུས་གསོག་གཙོ་བོར་བྱེད་པ། གློག་གི་རྫས་འགྱུར་དང་གནོན་འཁུམ་མཁའ་རླུང་། འཕུར་འཁོར་སོགས་ནུས་གསོག་གསར་པ་སྣ་ཚོགས་ཁ་གསབ་བྱེད་པའི་སྣ་མང་ནུས་གསོག་མ་ལག་འཛུགས་པ་དང་། ནུས་ཁུངས་མ་ལག་གསར་པའི་བདེ་འཇགས་དང་མཉེན་ཆ་ཆེ་རུ་གཏོང་དགོས། དྲ་སྒྲོམ་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་བཏང་ནས། “ཞིང་ཆེན་ཕྱི་རོལ་དུ་གཞི་ཁྱོན་ཆེ་བའི་སྒོ་ནས་ནུས་ཁུངས་གཙང་མ་སྐྱེལ་འདྲེན”དང“ཞིང་ཆེན་ནང་ཁུལ་དུ་བློ་གཏད་ཆོག་པའི་སྒོ་ནས་མཁོ་སྤྲོད་འགན་ལེན་བྱེད་པ་དང་ཆུ་ཚད་མཐོ་བའི་འཛད་སྤྱོད་བྱེད་ཐུབ་པ”ཞེས་པའི་ལས་རིམ་གཉིས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་དྲ་རྒྱའི་འདོན་སྤེལ་དང་གསོག་འཇོག་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བཏང་ནས། རིག་ནུས་གློག་དྲ་དང་གྲངས་འཛིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ནང་གནས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ལ་སྐུལ་སྤེལ་གཏོང་དགོས། ལྗང་མདོག་གློག་གི་ལེགས་ཆ་ཆེ་རུ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འགྲན་ལམ་གསར་པ་གཏོད་པ། ལྗང་མདོག་ཐོན་ལས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་བསྣན་ནས། ནུས་ཁུངས་ལས་གཞི་སྡེ་ཚན་ལས་བརྒལ་བའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ནུས་ཁུངས་ཁེ་ལས་མཚོ་སྔོན་ནས་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས།

ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།