ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 ཟླ12པའི་ཚེས25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གསན་པ་དང་། 2026ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

གྲོས་ཚོགས་སྟེང་བསྟན་དོན། 2025ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་།  “སྲུང་སྐྱོང་གཉིས”ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་ལག་བསྟར་གཏིང་ཟབ་ཏན་ཏིག་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་འཁྱོངས་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལ་སྐོར་ཞིབ་ཡོངས་སུ་ཁྱབ་པར་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་། “སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ཡང་དག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལོའི”འགུལ་སྐྱོད་གཏིང་ཟབ་སྒོས་སྤེལ་བ་བརྒྱུད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་།

 གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། 2026ལོར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རིམ་པ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་ལ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་བསྒྲུབ་དགོས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་གཟབ་ནན་གྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྲ་ཞིང་བརྟན་པའི་ཁག་ཐེག་འདོན་སྤྲོད་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་གཏིང་ཟབ་དང་ཏན་ཏིག་བྱ་དགོས་ལ། ཏང་ཡོན་ལས་བྱེད་པའི་ཁྲོད་ནས་སྲིད་སྐྱོང་ལྟ་བ་ཡང་དག་ཚུགས་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་རྒྱུ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས་ཏེ། ཐོབ་ཚོར་ཐུབ་པའི་གྲུབ་འབྲས་སྔར་ལས་མང་བར་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་འཐོབ་པར་བྱ་དགོས། དབང་ཆ་ལམ་ལུགས་ཀྱི་གཟེབ་ཏུ་འཇུག་པ་དང་། ལྟ་སྐུལ་སྒྲིག་བསྟར་འགན་འདེད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ལམ་ལུགས་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ལ། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། གོམ་ཁ་གང་ཡང་མཚམས་མི་འཇོག་པ་དང་གོམ་པ་ཕྱེད་ཀ་ཙམ་ཡང་ཕྱིར་བཤོལ་མི་བྱེད་པར་རྩ་ལག་མཉམ་བཅོས་ཟབ་སྤེལ་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་བཏང་ནས་རུལ་སུངས་བཅོས་སྐྱོང་གི་ཕྱོགས་བསྡུས་ཕན་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ཡང་དག་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་མུ་མཐུད་དུ་ཤུགས་སྣོན་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་དགོས། 

དེ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་2025ལོའི་བྱ་བའི་གནས་ཚུལ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་གསན། 

གྲོས་ཚོགས་སྟེང་སང་ལོའི་ཟླ1ཚེས12ཉིན་ནས་ཚེས14ཉིན་བར་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་མོས་མཐུན་བྱུང་།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།