ཟླ12པའི་ཚེས24ཉིན། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་ཉི་ཤུ་པ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ་འཁོར་བརྒྱ་ལོན་པ་དང་། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ལ། བཟོ་ཚོགས་ཀྱི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་ལེགས་སྒྱུར་དང་བྱེད་ཐབས་སྣ་མང་སྒོས་ངལ་རྩོལ་རྩོད་གཞི་ཐག་གཅོད་པ་སོགས་ཀྱི་གྲོས་དོན་གཅིག་བསྡུས་བྱས་ཏེ་ཐབས་ཇུས་ལ་མཉམ་དུ་གྲོས་མོལ་དང་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བཟོ་ཚོགས་ཀྱི་སྟོབས་ཤུགས་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ལུའོ་ཏུང་ཁྲོན་གྱིས་ད་ལོར་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་དཀྱིལ་སྙིང་ལ་དམིགས་ཤིང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བསམ་བློ་ཆབ་སྲིད་ཁྲིད་སྟོན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ལ་སྐུལ་འདེད་བཏང་བར་མ་ཟད། བརྩེ་སེམས་ཡོད་པའི་སྒོ་ནས་རྒྱ་ཆེའི་ལས་བཟོ་པ་དང་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱས་ཤིང་། བཟོ་ཚོགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་གོམས་སྟབས་བརྟན་པོ་སྤོ་པར་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཞེས་བསྟན།
ལུའོ་ཏུང་ཁྲོན་གྱིས་མིག་སྔར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་འགན་གཙོ་བོར་དམིགས་ནས་ངལ་རྩོལ་དང་རྩལ་ནུས་འགྲན་སྡུར་གྱི་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ་རྒྱ་ཆེའི་ལས་བཟོ་པའི་ངལ་རྩོལ་གྱི་སྤྲོ་སེམས་དང་གསར་གཏོད་ཀྱི་སྦས་ཤུགས་ཆེ་རུ་བསྐྱེད་རྒྱུའི་རེ་བ་བཅངས་ཡོད། ཐོན་ལས་ལག་རྩལ་བཟོ་པའི་དཔུང་སྡེ་རྩེ་གྲ་མགྱོགས་མྱུར་གསོ་སྐྱོང་བྱེད་པ་དང་ཐོན་ལས་བཟོ་པའི་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ལས་བཟོ་པའི་ཁེ་དབང་སྲུང་སྐྱོབ་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས་བཟོ་ཚོགས་དེ་ལས་བཟོ་པ་དང་མང་ཚོགས་ཡིད་ཆེས་པའི་ལས་བཟོ་པའི་ཁྱིམ་ཚང་དུ་འགྱུར་བར་བྱེད་དགོས། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བཟོ་ཚོགས་བྱ་བའི་ཐད་ཀྱི་རྒྱབ་སྐྱོར་ཤུགས་ཚད་སྔར་ལས་ཆེ་རུ་བཏང་སྟེ་བཟོ་ཚོགས་ཀྱིས་འགན་ནུས་ལག་བསྟར་བྱེད་པར་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཝང་ཏ་ནན་གྱིས་བཟོ་ཚོགས་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཝང་ཧའེ་ཧུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།