གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གཞི་རིམ་གྱི་སྨན་བཅོས་ནི་རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་རྨང་གཞི་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་ཏེ། “གཞི་རིམ་གཙོ་གནད་དུ་འཛིན་རྒྱུ”དེ་འཕྲོད་བསྟེན་བདེ་ཐང་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་ལ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ཀྱི་མཛུབ་སྟོན་འོག རང་རྒྱལ་གྱིས་མཁར་གྲོང་ལ་ཁེབས་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་བཙུགས་ནས་ལས་ཁུངས་ཀྱི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་ལ། ཞབས་ཞུའི་ཁྱབ་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་དང་ཐོན་ཁུངས་ཁྱབ་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན།

སི་ཁྲོན་ཞིང་ཆེན་མའེ་ཧྲན་གྲོང་ཁྱེར་ཏུང་ཕའོ་ཆུས་ཐའེ་ཧི་གྲོང་རྡལ་ཡུང་ཧྥིན་སྡེ་བའི་སྨན་པ་ཀྲོའུ་ལེང་ལོན་གྱིས་བཤད་རྒྱུར། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རླངས་འཁོར་སྐོར་ནས་སྡེ་བའི་གཅོང་ནད་ཕོག་པའི་ནད་པ་དང་། ནུས་པ་ཉམས་པའི་རྒན་རྒོན་གྱི་ཁྱིམ་དུ་ཕྱིན་ཏེ་སྨན་བཅོས་བྱེད་བཞིན་ཡོད། ཁོས་ཉེ་འགྲམ་སྤྱི་ལེ་གསུམ་ལྷག་གི་ཁྱབ་ཁོངས་སུ་ཡོད་པའི་ནད་པར་སྨན་བཅོས་བྱེད་བཞིན་ཡོད། ད་ལྟ་ཡུང་ཧྥིན་སྡེ་བའི་སྡེ་མིའི་བདེ་ཐང་གནས་ཚུལ་དང་སྨན་སྤྱོད་ཆ་འཕྲིན་ཚང་མ་ཞིང་ཆེན་རིམ་པའི་འཕྲིན་སྟེགས་སུ་སྤེལ་ཏེ། གཞི་གཅིག་ཅན་དང་ངོ་བོ་གཅིག་མཚུངས་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ཟེར། 

2022ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མའེ་ཧྲན་གྲོང་ཁྱེར་ཏུང་ཕའོ་ཆུས་ཐའེ་ཧི་གྲོང་རྡལ་ཡུང་ཧྥིན་སྡེ་བའི་འཕྲོད་བསྟེན་ས་ཚིགས་སུ་རྟོག་ཞིབ་གནང་བར་ཕེབས་ཏེ། ཁོང་གིས་གྲོང་གསེབ་ཀྱི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་ཡག་པོ་བྱེད་དགོས་པ་བསྟན།

སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧོ་གྲོང་རྡལ་ཡུང་ཧྥུང་སྡེ་བའི་སྨན་པ་ཀྲོའུ་ལེའང་ལོན་གྱིས་བཤད་རྒྱུར། 2022ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུང་ཧྥིན་སྡེ་བའི་འཕྲོད་བསྟེན་ས་ཚིགས་སུ་ཕེབས་ཏེ། མང་ཚོགས་ཀྱི་སྨན་པ་བསྟེན་ཚུལ་ལ་རྒྱུས་ལོན་བྱས། ངས་དུས་རྒྱུན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཡིད་ལ་དམ་པོར་བཟུང་ཡོད།  ང་ཚོའི་སྡེ་བའི་འཕྲོད་བསྟེན་ས་ཚིགས་ལ་འགྱུར་ལྡོག་ཆེན་པོ་བྱུང་པ་དང་། རྒྱུན་ལྡན་གྱི་ནད་བརྟག་སྨན་བཅོས་ཁྲོད་འཕྲད་པའི་དཀའ་གནད་དང་རྙོག་འཛིང་ཆེ་བའི་ནད་དྲ་རྒྱའི་རྣམ་པས་གོང་རིམ་སྨན་ཁང་གི་ཆེད་མཁས་སྨན་པ་དང་མཉམ་དུ་ནད་དཔྱད་བྱས་པས། ལོ་འདི་དག་ལ་ངའི་སྨན་བཅོས་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད་ཟེར།

ཡུང་ཧྥིན་སྡེ་བའི་འཕྲོད་བསྟེན་ཁང་གི་འགྱུར་ལྡོག་ནི་རང་རྒྱལ་གྱི་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པའི་བསྡུས་གཟུགས་ཤིག་རེད། མི་དམངས་ཀྱི་བདེ་ཐང་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གནང་ས་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཞི་རིམ་དུ་གཟིགས་ཞིབ་གནང་བར་ཡང་ཡང་ཕེབས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ནས་སྡེ་བའི་འཕྲོད་བསྟེན་ཁང་བར་དང་། གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ནས་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ལས་ཁུངས་བར་དུ། ཁོང་གིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་དམིགས་འབེན་ནི།   མང་ཚོགས་ཀྱི་བདེ་སྲུང་སྔོན་འགོག་དང་སྨན་པ་བསྟེན་སྐབས་ཆེས་སེམས་ཁུར་དང་ཐད་ཀར། དོན་དངོས་ཀྱིས་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པ་དང་། འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་དགོས་པར་བསྟན།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྒྲིག་སྲོལ་བཅོས་སྒྱུར་སིའི་སི་ཀྲང་དབྱང་ཅན་ལི་ཡིས་བཤད་རྒྱུར། ང་ཚོས་མི་འབོར་དུང་ཕྱུར14ཡོད་པའི་རྒྱལ་ཁབ་ཆེན་པོར་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ཚེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། མི་དམངས་མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་ཞབས་ཞུ་ཡག་པོ་དང་སྟབས་བདེ་བསྐྲུན་དགོས། ནད་ལྕི་མོ་སྨན་བཅོས་བྱེད་པར་ཞིང་ཆེན་ཕྱི་ལ་མི་འགྲོ་བ་དང་། སྤྱིར་བཏང་གི་ན་ཚ་ཡང་མོ་གྲོང་ཁྱེར་དང་རྫོང་དུ་ཐག་གཅོད་བྱེད་པ། ཆམ་ནད་སོགས་སྒོ་འགྲམ་ནས་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ལ་སྤུས་ལེགས་ནུས་ལྡན་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ལ་བདེ་ཐང་གི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་རང་རྒྱལ་གྱི་གཞི་རིམ་སྨན་བཅོས་མ་ལག་འཛུགས་སྐྱོང་ཐད་ཡར་རྒྱས་ཆེན་པོ་བྱུང་། རྒྱལ་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་མི་སྣའི་གྲངས་འབོར་བརྟན་པོའི་ངང་འཕར་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་འབུམ་དགུ་དང་ཁྲི་བདུན་ནས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེས་ཡ་གཅིག་དང་ཁྲི་བཞི་རུ་འཕར་སྣོན་བྱུང་བ་དང་། འཕྲོད་བསྟེན་མི་སྣའི་གྲངས་འབོར་མི་ས་ཡ་བཞི་དང་འབུམ་གསུམ་ཁྲི་བཞི་ནས་མི་ས་ཡ་ལྔ་འབུམ་གཉིས་ཁྲི་དྲུག་ལ་འཕར། ད་ལྟའི་བར། གཞི་རྩའི་ཐོག་གྲོང་གསེབ་ས་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་དང་། སྲིད་འཛིན་སྡེ་བ་ཚང་མར་སྡེ་བའི་འཕྲོད་བསྟེན་ཁང་ཡོད་པ།   གྲོང་ཁྱེར་དུ་ཁྲོམ་གཞུང་ཚང་མར་གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཡོད་པ། གཞིས་ཁུལ་ཚང་མར་གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་ཡོད་པ་མངོན་འགྱུར་བྱུང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་བརྟག་སྨན་བཅོས་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་ནད་བརྟག་སྨན་བཅོས་བྱེད་ཚད་ཁྲོད་ཀྱི་བསྡུར་ཚད་དེ་ད་བར་50%ཡན་རྒྱུན་འཁྱོངས་ཐུབ་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་ཚན་རྩལ་གསར་གཏོད་ཀྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། “མི་ཐབས་རིག་ནུས”ཀྱིས་གཞི་རིམ་དུ་ནུས་འདོན་བྱས་ཏེ། ད་ལྟ་རྫོང(གྲོང་ཁྱེར་དང་ཆུས)80%ལ་རྫོང་ཁོངས་ཀྱི་གཟུགས་བརྙན་དང་། སྙིང་གློག་པར་རིས།  ཞིབ་བཤེར་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་བཅས་ཀྱི་ཐོག་མའི་རྣམ་པ་གྲུབ་ཡོད། ད་ལོ་རྫོང་ཁོངས་ཀྱི་རྒྱང་བསྟེན་གསོ་རིག་གཟུགས་བརྙན་བརྟག་དཔྱད་ཞབས་ཞུ་བྱེད་ཚད་མི་ཐེངས་བྱེ་བ་དྲུག་ས་ཡ་བརྒྱད་ལྷག་ལས་བརྒལ་ཡོད་པ་དང་། རྒྱལ་ཡོངས་སུ་ས་ཁུལ་དང་གྲོང་ཁྱེར360ཡི་ཞིབ་བཤེར་དང་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་ཚད་རིགས་200ཡན་དུ་སླེབས་ནས། “གཞི་རིམ་དུ་ཞིབ་བཤེར་དང་། ཆུས་དང་རྫོང་དུ་བརྟག་དཔྱད། མཇུག་འབྲས་ཕན་ཚུན་ཁས་ལེན”བཅས་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་འོད་རྡུལ་རྩིས་གྲངསCTདང་རང་རྒྱལ་ནས་ཐོན་པའི་གཤག་བཅོས་འཕྲུལ་མི་སོགས་ཀྱི་སྒྲིག་ཆས་ཀྱིས་བརྟག་དཔྱད་དང་གཤགས་བཅོས་གནད་འཁེལ་ཀྱི་ཚད་ཇེ་མཐོ་རུ་བཏང་བ་དང་། རང་རྒྱལ་གྱིས་བཟོས་པའི་རྩེར་སོན་སྨན་བཅོས་སྒྲིག་ཆས་སྔར་ལས་མང་པོ་ནད་པས“བཀོལ་ཐུབ་པ་དང་། བེད་ཆོད་པ། བེད་སྤྱོད་ཡག་པོ་ཐུབ་པ”བཅས་མངོན་འགྱུར་བྱུང་།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། མང་ཚོགས་ཀྱི་སྨན་བཅོས་ཉམས་ལེན་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཤིང་།  རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས95%ལ་སྒོ་བསྟེན་དུས་ཚོད་ཕྱི་འགྱངས་ཀྱི་ཞབས་ཞུ་དང་ཡང་ན་དུས་ཆེན་དང་ངལ་གསོའི་སྒོ་བསྟེན་སྨན་བཅོས་བྱེད་བཞིན་ཡོད། རིམ་གཉིས་ཡན་གྱི་གཞུང་བཙུགས་སྨན་ཁང་གི87%གྱིས་སྔོན་མངགས་ནད་བརྟག་སྨན་བཅོས་སྤེལ་བ་དང་། སྒོ་བསྟེན་སྨན་བཅོས་ཀྱི་དུས་ཚོད་ཇེ་ཐུང་དུ་ཕྱིན། སྨན་ཁང5500ལྷག་གིས“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལྟེ་གནས་བཙུགས་པ་དང་། རིག་ཚན་མང་པོ་གཞི་གཅིག་ཅན་གྱི་སྨན་བཅོས་ཞབས་ཞུའི་རྣམ་པ་རིམ་པ་གཉིས་པ་ཡན་གྱི་སྨན་ཁང2000ལྷག་ལ་ཁྱབ་གདལ་བཏང་། “རྒན་རྒོན་གཅིག་ལོ་ཆུང་གཅིག”གི་གཙོ་གནད་མི་ཚོགས་ལ་གཞིགས་ཏེ།  རྒྱལ་ཡོངས་ཀྱི་རིམ་གཉིས་ཡན་གྱི་ཕྱོགས་བསྡུས་སྨན་ཁང6000ལས་བརྒལ་ནས་རྒན་པའི་གསོ་རིག་ཚན་ཁག་བཙུགས་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི80%ཡིས་བྱིས་པའི་རྒྱུན་མཐོང་ནད་རིགས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”བཅོས་སྒྱུར་གྱི་ཕན་འབྲས་ལ་རྐང་ཚུགས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་ལས“བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་གང་མགྱོགས་བྱ་དགོས”པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཏོན་པ་དང་། རང་རྒྱལ་གྱིས་གཞི་རིམ་གཙོ་གནད་དུ་འཛིན་པར་རྒྱུན་འཁྱོངས་དང་། བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་འཛིན་པ། སྔོན་འགོག་གཙོ་བོར་འཛིན་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་དུ་བཟུང་སྟེ། བདེ་ཐང་སྲིད་ཇུས་ཡོད་ཚད་ནང་འདྲེས་པར་བྱེད་པ་དང་། མི་དམངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པ། དྲང་སྙོམས་དང་ནུས་ལྡན། སྤུས་ཚད་དང་ཕན་འབྲས་བཅས་ཁྲིད་ཕྱོགས་སུ་འཛིན་པ་དང་། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་བཏང་སྟེ། མི་དམངས་མང་ཚོགས་ལ་དྲང་སྙོམས་དང་བརྒྱུད་རིམ་ལྡན་པ། སྤུས་ལེགས་ཆོད་ཆེ་བཅས་ཀྱི་བདེ་ཐང་ཞབས་ཞུ་མཁོ་འདོན་གང་ཐུབ་བྱ་དགོས། 2030ལོར་རང་རྒྱལ་གྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ80ཡས་མས་སུ་སླེབས་པར་འབད་བརྩོན་བྱ་རྒྱུ་དང་། བདེ་ཐང་གི་དམིགས་འབེན་གཙོ་བོ་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།