ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཞིབ་བྱས་ནས་ཕྱིར་ལྡོག་བསམ་འཆར་བཅོས་སྒྲིག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་འཚོགས། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས25ཉིན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཞིབ་བྱས་ནས་ཕྱིར་ལྡོག་བསམ་འཆར་བཅོས་སྒྲིག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།   ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པའི་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།     ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་བཅོས་སྒྲིག་བྱ་བར་བཀོད་སྒྲིག་བྱས་ནས།     ཆེས་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་ཆེས་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་སྐོར་ཞིབ་ཀྱི་མཇུག་འཕྲོའི་ལས་དོན་ཡག་པོར་བསྒྲུབ་སྟེ།     ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་ལྡན་གྱི་ལན་ཞིག་སྤྲད་ཡོད།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཤིང་།     མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།

ཝུའུ་ཞའོ་ཅུན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་བཅོས་སྒྲིག་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་ཡིས་བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བ་དང་།  ཀྲུང་དབྱང་སྐོར་ཞིབ་ཀྱི་ཕྱིར་ལྡོག་བསམ་འཆར་བཅོས་སྒྲིག་དོན་འཁྱོལ་གྱི་བླང་བྱ་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ།   མཐའ་གཅིག་ཏུ་སྐོར་ཞིབ་བཅོས་སྒྲིག་དམ་འཛིན་བྱ་རྒྱུ་དེ“སྲུང་སྐྱོང་གཉིས”ལག་ལེན་དུ་བསྟར་བའི་ཞིབ་བཤེར་གལ་ཆེན་ཞིག་ཏུ་བརྩི་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་དང་།    ཡང་དག་པའི་ཆབ་སྲིད་བྱས་འབྲས་ལྟ་བ་ཆགས་པ་དང་ལག་ལེན་དུ་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་བ།     ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ནས་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་ནུས་ལྡན་ཞིག་ཏུ་བརྩི་བ་བཅས་བྱས་ནས། སྐོར་ཞིབ་བཅོས་སྒྲིག་དམ་འཛིན་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ཏང་ལ་མཐའ་གཅིག་ཏུ་བློ་དཀར་བྱེད་པ་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་། ཚད་མཐོའི་མཐོང་ཆེན་དང་ཚད་མཐོའི་འགན་འཁུར་བའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་རྡོ་ལ་རྐང་རྗེས་འཇོག་པ་དང་ལྕགས་ལ་འཛིན་ཤུལ་ཡོད་པའི་ངར་ཤུགས་ཀྱིས་བཅོས་སྒྲིག་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། སྐོར་ཞིབ་བཅོས་སྒྲིག་གི་ཕན་འབྲས་ཀྱིས་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་པར་འགན་ལེན་བྱ་དགོས་པ་བསྟན།

ཝུའུ་ཞའོ་ཅུན་གྱིས་སྐོར་ཞིབ་བཅོས་སྒྲིག་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།     ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་།     མ་ལག་གི་འདུ་ཤེས་བེད་སྤྱོད་དང་རྩ་ལག་མཉམ་བཅོས་གཙིགས་སུ་འཛིན་པ་དང་།     ཆབ་སྲིད་ཀྱི་མཐོ་ཚད་ནས་གནད་དོན་ལ་ཞིབ་ལྟ་བྱེད་པ་དང་།  དོན་དག་གི་འབྱུང་རྩ་གཏིང་ཟབ་ཏུ་སྔོག་པ།     དོན་དག་དང་བསྟུན་ནས་བཅོས་སྒྲིག་བྱས་ཏེ་བླང་བྱ་རེ་རེ་ངེས་པར་དུ་བསྒྲུབ་དགོས་པའི་ལས་འགན་དུ་བརྩིས་ཏེ། བཅོས་སྒྲིག་གི་ཞིབ་ཐོ་ཞིབ་འཇུག་གཏན་འབེབས་བཟོས་ཏེ་གནད་དོན་རིགས་གཅིག་ཐག་གཅོད་དང་། ལམ་ལུགས་སྐོར་གཅིག་འཐུས་ཚང་དུ་གཏོང་བ།    ཁྱབ་ཁོངས་གཅིག་གི་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཐོན་དགོས།     བཅོས་སྒྲིག་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས།     བརྟན་འཇགས་བཅས་ལ་སྐུལ་འདེད་གཏོང་བ་དང་།     སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མཐའ་གཅིག་ཏུ་དམ་འཛིན་ཏན་ཏིག་བྱེད་པ་དང་།     སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་གཅིག་འདོམས་ཡག་པོ་བྱས་ཏེ།     ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དམ་ཟབ་དང་དངོས་འབེབས་བྱས་ཏེ།   གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།     གཞི་རིམ་གྱི་རྨང་གཞི་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་བ།  ལངས་གནས་མཐོ་ཞིང་ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ལག་ལེན་དུ་བསྟར་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་།     རིམ་པ་སོ་སོའི་བྱེད་པོའི་འགན་འཁྲི་དང་།     “འགན་ཁུར་པ་དང་པོའི”འགན་འཁྲི།     “ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་བཅས་དམ་ཟབ་དང་དངོས་འབེབས་བྱས་ཏེ།     སྐོར་ཞིབ་བཅོས་སྒྲིག་གི་བཀོད་གཏོང་གྲོས་མོལ་དང་།  འགོ་ཁྲིད་ཀྱིས་ཁྲིད་སྒྲུབ།   རྩིས་བསྡུར་ཐོ་བསུབ། འགན་འདེད་འགན་འདྲི། ལས་ཀ་སྤྲོད་ལེན་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ།     བཅོས་སྒྲིག་དོན་འཁྱོལ་ལ་ཏན་ཏིག་སྐུལ་འདེད་གཏོང་དགོས།     བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་སྟོན་དང་དུས་རིམ་རང་བཞིན་གྱི་དཔྱད་འཇོག་ལ་ཤུགས་སྣོན་པ་དང་།     བཅོས་སྒྲིག་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་དུས་ཐོག་ཏུ་གསར་རྙེད་དང་ཐག་གཅོད་བྱེད་པ།     བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་མིན་པ་དང་མྱུར་ཚད་རྗེས་སུ་ལུས་པར་དྲན་སྐུལ་གྱིས་སྐུལ་འདེད་གཏོང་བ་དང་དུས་བཅད་ཁ་ཏ་བྱེད་པ། འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་།     བཅོས་སྒྲིག་གནད་ལ་འཁེལ་མེད་པ།     བཅོས་སྒྲིག་སླ་བཅོས་བྱེད་པ།     བཅོས་སྒྲིག་རྫུན་བཟོ་བཅས་ལ་འགན་འདེད་འགན་འདྲི་ནན་མོ་བྱ་དགོས།     བཅོས་སྒྲིག་བྱ་བ་དེ་གཏན་འབེབས་ལྟར་ཏང་ནང་དུ་བརྡ་ཁྱབ་གཏོང་བ་དང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ། རང་རྟོགས་ངང་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ལིའུ་ཆི་ཧྥན་གྱིས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པས་མཚོ་སྔོན་ལ་སྐོར་ཞིབ་བྱས་པའི་ཕྱིར་ལྡོག་བསམ་འཆར་བཅོས་སྒྲིག་དོན་འཁྱོལ་བྱ་བའི་བཀོད་སྒྲིག་བརྡ་ཁྱབ་བཏང་།

ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་འཚོགས་པ་དང་།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ།     ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།     ཞིང་ཆེན་ཁྲིམས་ཁང་གི་འགོ་གཙོ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་ཚོགས་ར་གཙོ་བོར་ཞུགས།     གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།