མཚོ་སྔོན་གསར་འགྱུར་དྲ་བར·ཅང་ཡོན་གསར་འགྱུར་སྤྱོད་སྣེ་གནས་ཚུལ་འབྱོར་གསལ། ཟླ12ཚེས25ཉིན་གྱི་ཉིན་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་བཅུ་གཅིག་པས་མཚོ་སྔོན་ཞིང་ཆེན་གྱི་ལྡོག་ལན་བསམ་ཆར་དག་ཐེར་བྱ་བར་་སྐོར་ཞིབ་བྱེད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་སློབ་སྟོན་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་བཅུ་གཅིག་པའི་སྐོར་ཞིབ་ལྡོག་ལན་བསམ་འཆར་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་དག་ཐེར་ལས་དོན་བཀོད་སྒྲིག་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་བྱེད་ཐབས་ནུས་ལྡན་གྱི་ཐོག་ནས་སྐོར་ཞིབ་མཇུག་འཕྲོའི་ལས་དོན་དག་ཡག་པོ་བསྒྲུབས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་ཞིག་སྤྲད་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་གཉིས་ཚོགས་འདུར་ཞུགས།
ཝུའུ་ཞའོ་ཅུན་གྱིས་འདི་སྐད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཏང་ཨུ(ཏང་ཙུའུ་)རིམ་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་སྐོར་ཞིབ་ཁྲོད་ལྡོག་ལན་བསམ་འཆར་དག་ཐེར་དོན་འཁྱོལ་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ། མཐའ་གཅིག་ཏུ་སྐོར་ཞིབ་དག་ཐེར་དམ་འཛིན་བྱ་བ་དེ“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་བརྟག་བཤེར་གལ་ཆེན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན། ཡང་དག་པའི་ཆབ་སྲིད་ཀྱི་གྲུབ་འབྲས་ལྟ་བ་འཛུགས་སྐྱོང་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་འཛིན་ཐག་གཙོ་བོ་བཅས་སུ་བརྩིས་ཏེ། སྐོར་ཞིབ་དག་ཐེར་གྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་རང་རྟོགས་དང་བྱ་སྤྱོད་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཏང་ལ་མཐའ་གཅིག་ཏུ་བློ་དཀར་ཞིང་མཚོ་སྔོན་གྱི་འཕེལ་རྒྱས་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་ཐོག མཐོང་ཆེན་པོ་དང་འགན་ཆེན་པོ་གཙིགས་སུ་བཟུང་སྟེ། རྡོ་ལ་ཞབས་རྗེས་དང་ལྕགས་ལ་བརྡར་ཤུལ་ཡོད་པའི་ངར་ཤུགས་ཆེན་པོའི་སྒོ་ནས་ཕྱོགས་ཡོངས་ནས་དག་ཐེར་ལས་འགན་ཡོངས་སུ་གྲུབ་ཡོད་པས། སྐོར་ཞིབ་དག་ཐེར་གྱི་ཕན་འབྲས་དེར་ལོ་རྒྱུས་དང་ལག་ལེན་གྱིས་བརྟག་བཤེར་ཁས་ལེན་ཐུབ་པར་འགན་ལེན་བྱས་ཡོད་ཅེས་བསྟན།
ཝུའུ་ཞའོ་ཅུན་གྱིས་འདི་སྐད། སྐོར་ཞིབ་དག་ཐེར་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་། མ་ལག་གི་འདུ་ཤེས་བཀོལ་སྤྱོད། རྩ་ལག་ཟུང་བཅོས་དང་ཕྱི་ནང་མཉམ་བཅོས་ལ་མཐོང་ཆེན་བཅས་བྱས་ཏེ། ཆབ་སྲིད་ཀྱི་མཐོ་ཚད་ནས་གནད་དོན་ལ་ཞིབ་ལྟ་དང་། ནད་ཀྱི་རྩ་བ་གཏིང་སྔོག གནད་འཁེལ་སྨན་བཅོས་བཅས་ཀྱི་ལམ་ནས་ལས་ཀ་རེ་རེ་བླང་བྱ་ཁུར་གྱི་ལས་འགན་དུ་བརྩིས་ཏེ། དག་ཐེར་ཀྱི་རྩིས་ཐོ་ཞིབ་འཇུག་ཐོག་བཟོས་ནས་གནད་དོན་རིགས་དང་པོ་ཐག་གཅོད་དང་། ལམ་ལུགས་ཁག་ཅིག་འཐུས་ཚང་། མངའ་ཁོངས་གཅིག་ལ་དག་ཐེར་གཏིང་ཟབ་བྱེད་པའི་ཕྱོགས་བསྡུས་ཕན་འབྲས་ལེན་དགོས། དག་ཐེར་ལ་བརྟེན་ནས་བསྒྱུར་བཅོས་དང་། གོང་སྤེལ། བརྟན་ལྷིང་བཅས་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་མཐའ་གཅིག་བྱ་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གཉིས་ལ་གཅིག་གྱུར་གྱི་འཆར་འགོད་ཡག་པོ་བཟོས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཏང་དོ་དམ་དང་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་ལ་དམ་འཛིན་བྱས་ནས་གཙོ་གནད་མངའ་ཁོངས་ཀྱི་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏང་དགོས་པ་མ་ཟད། གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་སྟེ་མཐོ་ས་ནས་ཚད་གཞི་དང་སྤུས་ཚད་ཡོངས་མཐོ་བའི་དག་ཐེར་ལས་དོན་ལ་སྐུལ་འདེད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་སློབ་སྟོན་བཀའ་མཆན་ གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏང་དགོས་པ་བསྟན།
ཝུའུ་ཞའོ་ཅུན་གྱིས་འདི་སྐད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་དང་། རིམ་པ་ཁག་གི་བྱེད་པོའི་འགན་འཁྲི་དང་། “འགན་འཁུར་བ་དང་པོའི”འགན་འཁྲི། “ལས་གནས་གཅིག་ལ་འགན་འཁྲི་གཉིས(གནས་གཅིག་འགན་གཉིས)”ཀྱི་འགན་འཁྲི་ལྟ་སྐུལ་བཅས་དམ་འཛིན་དང་། སྐོར་ཞིབ་དག་ཐེར་གྱི་བཀོད་གཏོང་གྲོས་མོལ་དང་། མགོ་ཁྲིད་སྣེ་འཛིན། རྩིས་ཐོ་ཐོ་བསུབ། འགན་འཁྲི་བདའ་འདེད། ལས་ཀ་སྤྲོད་ལེན་བཅས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཁ་ཞེ་གཉིས་མེད་ཀྱིས་དག་ཐེར་བྱ་བ་ལག་ལེན་མཐར་ཕྱིན་ལ་སྐུལ་འདེད་གཏང་དགོས། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་དུས་རིམ་རང་བཞིན་གྱིས་དཔྱད་འཇོག་ལ་ཤུགས་བསྣན་ཏེ། དག་ཐེར་གོ་རིམ་ཁྲོད་བྱུང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། དག་ཐེར་གྱི་ཕན་འབྲས་མངོན་གསལ་མིན་ཞིང་བསྒྲུབ་དལ་བའི་རིགས་ལ་དུས་བཏབ་བསླབ་འདོམས་བྱ་དགོས། ལས་འགན་དོན་འཁྱོལ་མི་བྱེད་པ་དང་། དག་ཐེར་གནད་ལ་འཁེལ་མེད་པ། དག་ཐེར་འཁྱོལ་ཐུབ་བྱེད་པ། དག་ཐེར་ཡ་ཡོག་བཅས་ལ་འགན་འཁྲི་བདའ་འདེད་ནན་པོ་བྱ་དགོས། དག་ཐེར་ལས་དོན་དེ་གཏན་འབེབས་ནང་བཞིན་དུ་ཏང་ནང་ཁུལ་ནས་ཐེར་འདོན་ཁྱབ་བསྒྲགས་དང་། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་རང་རྟོགས་ངང་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་སྟེང་ལིའུ་ཆི་ཧྥན་གྱིས་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་བཅུ་གཅིག་པས་མཚོ་སྔོན་དུ་ལྡོག་ལན་བསམ་འཆར་དག་ཐེར་ལས་དོན་བཀོད་སྒྲིག་ལ་སྐོར་ཞིབ་བྱས།ཚོགས་འདུ་དེ་བརྙན་ལམ་ནས་འཚོགས་པ་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་མགོ་གཙོ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་ཚོགས་འདུར་ཞུགས་པ་དང་། གྲོང་ཁྱེར(ཀྲོའུ་)དང་རྫོང་(གྲོང་ཁྱེར་དང་ཆུས་)ཁག་ལ་ཡན་ལག་ཚོགས་ར་བཙུགས་ནས་ཚོགས་འདུར་ཞུགས།