ཟླ12པའི་ཚེས24ཉིན། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གཞུང་ལུགས་གྲོས་དོན་ཚོགས་འདུ་ཟི་ལིང་དུ་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། མགོ་ཡག་པོ་བརྩམ་དགོས་ན་ང་ཚོས་ཇི་ལྟར་སྒྲུབ་དགོས་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཞིབ་འཇུག་གྲོས་བསྡུར་བྱས་པར་མ་ཟད། བློ་བསྡུས་དགེ་འཚོལ་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་སློབ་སྦྱོང་བཅས་བྱས་ཏེ་སང་ལོའི་དཔལ་འབྱོར་ལས་དོན་བཟང་བོར་བསྒྲུབ་པར་བསམ་བློའི་རྨང་གཞི་དང་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་གཏམ་བཤད། མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
གྲོས་ཚོགས་སྟེང་། ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཚེ་རིང་ཐར། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཝང་ཧའེ་ཧུང་། ཁྲིན་ཅི་ཝེ་བཅས་དང་། མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་ཁུལ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་གཞི་གྲངས་ཅུས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད། ཚང་མས་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་ལས་ཀ་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མྱོང་ཚོར་གླེང་ཞིང་བསམ་ཕྱོགས་ལེགས་སྒྲིག་དང་འཕེལ་རྒྱས་ལ་འཆར་འགོད་བཟོས་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་དམིགས་འབེན་ལས་འགན་ཁ་གསལ། ཡིད་ཆེས་ངར་ཤུགས་ཆེ་རུ་བསྐྱེད།
ཝུའུ་ཞའོ་ཅུན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ལམ་གསར་པ་དང་མགོ་ཡག་པོ་རྩོམ་པར་དམིགས་ནས་བཀོད་སྒྲིག་རབ་དང་རིམ་པ་བྱས་ལ། དེས་སང་ལོའི་དཔལ་འབྱོར་ལས་དོན་བཟང་བོར་བསྒྲུབ་པར་རྩ་བའི་སྲུང་བྱ་འདོན་སྤྲོད་བྱས་ཡོད་པས། ངེས་པར་དུ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན། མཚོ་སྔོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏང་བའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་བཏང་། གོ་སྐབས་དང་འགྲན་རྩོད་མཉམ་དུ་གནས་པའི་འཕེལ་རྒྱས་ཀྱི་གནས་བབ་ལ་ངོས་འཛིན་གསལ་བོ་དང་། ལེགས་ཕྱོགས་དང་གསར་ཕྱོགས་ཀྱི་གནས་བབ་བཟང་བོར་རྒྱུས་ལོན་ཡང་དག ཕྱོགས་གཉིས་སྨྲ་བ་དང་གཙོ་གནད་སྨྲ་བ་རྒྱུན་འཁྱོངས། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་གཉིས་དམ་འཛིན་ལ་མཁས་པ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་འབད་བརྩོན་གྱི་སྟོབས་ཤུགས། སྒྲུབ་ཕོད་པའི་འདུ་ཤེས་བརྟན་པོ་བཅས་ཇེ་དྲག་ཏུ་བཏང་སྟེ་འབད་འབུངས་ཡར་སྐྱེད་སྒོས་དུས་བབ་ལ་ཤེས་རྟོགས་གསལ་བོ་བྱས་ནས་ལས་་མགོ་ཡག་པོ་བརྩམ་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་ལས་སྒྲུབ་ལས་གཏོད་ཀྱི་བྱེད་ནུས་བཟང་བོ་སྦྱོང་བརྡར་བྱས་ནས་ཁ་ཕྱོགས་གཏན་འཁེལ་བྱ་བའི་ཆབ་སྲིད་ཀྱི་ནུས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་ལས་ནུས་པ་དང་། དཀའ་གནད་མཁྲེགས་གཏོར་གྱི་ལག་ལེན་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། གནས་བབ་ཆེན་གཟིགས་ནས་སྤྱི་ཡོངས་ལ་འཆར་འགོད་དང་། དོན་ཆེན་དམ་འཛིན་བཅས་བྱེད་དགོས་པར་མ་ཟད། བྱེ་བྲག་གི་ལས་ལ་གདེང་ཚོད་ཡོད་པའི་སྒོ་ནས་ཤེས་རྟོགས་གསལ་བོ་བྱས་ཏེ་ལས་སྒོར་ལ་འཇོན་པའི་མི་ནུས་པ་ཅན་ཞིག་་བྱས་ནས་དམ་འཛིན་དངོས་སྒྲུབ་ཁྲོད་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་ལག་བསྟར་བྱས་ནས་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་དང་། བདེན་པ་བདེན་ཐུབ་དང་ཕན་འབྲས་ལེགས་པའི་འཕེལ་རྒྱས་ལ་བརྩོན་ལེན། ནང་མཁོའི་གཙོ་ཁྲིད་དང་གསར་གཏོད་ལ་སྐུལ་སྤེལ་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད། མཐུན་སྦྱོར་འཕེལ་རྒྱས། ཐཱན་གཉིས་ཁྲིད་སྟོན། དམངས་འཚོ་ལེགས་བཅོས། བདེ་འཇགས་བརྟན་འཇགས་སྒོས་ཕན་འབྲས་གསར་པ་གཏོད་པ་བཅས་ལ་དམིགས་ཏེ་གྲུབ་འབྲས་དངོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཕན་འབྲས་ལ་ཉམས་ཞིབ་བྱེད་དགོས། ལས་སྒྲུབ་ལས་གཏོད་ཀྱི་ནང་གནས་སྒུལ་ཤུགས་སྔར་ལས་ཆེ་རུ་བསྐྱེད་དེ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་དངོས་སྒྲུབ་ཀྱི་ཐབས་ཇུས་འདོན་པ། འབད་བརྩོན་གྱི་ནུས་ཤུགས་བསྐྱེད་པ། དངོས་སྒྲུབ་ལ་བརྟེན་ནས་འཇོན་མི་འདེམ་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པ། བྱེད་ནུས་བཟང་བོར་བརྟེན་ནས་ལས་འགན་སོ་སོ་དངོས་འབེབས་དོན་འཁྱོལ་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ་སང་ལོའི་ལས་མགོ་ཡག་པོ་བརྩམ་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོ་བརྩམ་དགོས་ན། བརྟན་ཐོག་ཡར་འཕེལ་སྒོས་འཕེལ་རྒྱས་ཀྱི་མྱུར་ཚད་བཟང་བོ་སྲུང་འཛིན་བྱེད་དགོས་པ་དང་། གོ་སྐབས་དམ་འཛིན་པར་ཤུགས་བཏོན་ནས་རང་འགུལ་སྒོས་སྲིད་ཇུས་ལ་ཞིབ་འཇུག་དང་དགོས་མཁོར་སྦྲེལ་མཐུད་བྱས་ནས་ཉེན་ཁའི་ཁྲོད་གོ་སྐབས་སྔོན་ལ་དམ་འཛིན་དང་འགྱུར་ལྡོག་ཁྲོད་མགོ་གསར་པ་བརྩམ་དགོས། དགེ་མཚན་དར་སྤེལ་གཏོང་བའི་ཐད་ཤུགས་བཏོན་ནས་མཐོ་སྒང་དང་ཐོན་ཁུངས། ནུས་ཁུངས་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་མགྱོགས་མྱུར་སྒོས་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་དེ་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐད་ཤུགས་བཏོན་ནས་སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་རྨང་གཞི་བཅས་སྲ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་བོ་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་མ་ལག་འཐུས་ཚང་དུ་གཏང་དགོས། སྒུལ་ནུས་ཇེ་དྲག་ཏུ་གཏོང་བའི་ཐད་ཤུགས་བཏོན་ནས་ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད། སྒོ་འབྱེད་གསར་གཏོད་བཅས་ལ་བརྟེན་ནས་འཕེལ་རྒྱས་བཟང་བོ་མངོན་འགྱུར་བྱེད་དགོས། མི་འདང་ས་ཁ་གསབ་བྱེད་པའི་ཐད་ཤུགས་བཏོན་ནས་དམིགས་ས་རང་བཞིན་ཡོད་པའི་སྒོ་ནས་རྨང་གཞིའི་འཛུགས་སྐྲུན་དང་དམངས་འཚོ། བདེ་འཇགས་བཅས་ཐད་ཀྱི་མི་འདང་ས་ཁ་གསབ་བྱས་ནས་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།
དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རང་རང་གི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་དང་སང་ལོའི་དཔལ་འབྱོར་ལས་ཀའི་བསམ་ཕྱོགས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་སྤྲད་པ་དང་། གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁ་ཤས་ཀྱིས་ཡིག་ཐོག་ནས་བརྗེ་རེས་བྱས།