ད་ལོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་འཚོ་ཕྱུག་འགྱུར་ལ་དམ་དུ་དམིགས་ནས་མཁར་གྲོང་གི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་བ་སྒྱུར་བཀོད་དང་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་འགན་སྲུང་སོགས་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཤུགས་ཆེན་པོས་ཐག་བཅད། མིག་སྔའི་བར་དུ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་བདུན་བཏང་ནས་མཁར་གྲོང་སྡོད་དམངས་ཀྱི་སྡོད་གནས་ཁོར་ཡུག་དང་འཚོ་བའི་སྤུས་ཚད་མཐོར་འདེགས་འགྲོ་བར་སྐུལ་འདེད་བཏང་།
མཚོ་བྱང་ཁུལ་གྱིས་ལོ་ཧྲིལ་བོར་བསྡོམས་པས་སྒྱུར་བཀོད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་གཅིག་ཁྲི་དྲུག་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་སྟོང་གཅིག་བཞི་བཅུའི་སྒྱུར་བཀོད་བྱ་བ་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱས། ནུབ་མཚོ་གྲོང་རྡལ་སོགས་ཀྱི་བཙོག་ཆུའི་སྦུག་དྲ་སོགས་ཕྱོགས་ཡོངས་ནས་སྒྱུར་བཀོད་མཐོར་འདེགས་བཏང་ནས་དུས་ཡུན་རིང་བོར་སྡོད་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་བཅད། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བརྒྱད་བཏང་ནས་མདའ་བཞི་རྫོང་དང་ནུབ་མཚོ་གྲོང་རྡལ་གྱི་དྲོད་འདོན་སྦུག་དྲ་མཐོ་འདེགས་སྒྱུར་བཀོད་སོགས་བཟོ་སྐྲུན་གཙོ་བོ་བརྒྱད་གཙོར་བཟུང་ནས་ལག་བསྟར་བྱས། མཚོ་བྱང་ཁུལ་གྱིས་བསྡོམས་པས་དྲོད་འདོན་སྦུག་དྲ་རྙིང་བ་སྤྱི་ལེ་ཞེ་བདུན་ལྷག་སྒྱུར་བཀོད་བྱས་པ་དང་། སྟེམ་སྒོ་སྟོང་གཅིག་ལྔ་བརྒྱ་ལྷག་གསར་སྒྱུར་བྱས་ཤིང་། མི་མངོན་རྐྱེན་ངན་བརྒྱད་བརྒྱ་བཅོ་བརྒྱད་ཞིབ་བཤེར་བྱས་ནས་དྲོད་འདོན་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།
ལོ་ཧྲིལ་བོར་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དྲུག་འབུམ་བཞི་བཏང་ནས་རོང་འབྲོག་ཁྱིམ་ཚང་སྟོང་གསུམ་གྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བཟོ་སྐྲུན་ཡོངས་འགྲུབ་བྱས་ཏེ་སྡོད་ཁང་གི་དྲོད་སྲུང་ནུས་གྲོན་རང་བཞིན་དང་རོང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་བཏང་། དེ་དང་མཉམ་དུ་འཆམ་མཛེས་གྲོང་གསེབ་བདུན་གྱི་འཛུགས་སྐྲུན་ལས་འགན་ལ་སྐུལ་འདེད་ནན་མོ་བཏང་སྟེ་བསྡོམས་པས་སྤྱི་ལེ་སོ་གསུམ་ལྷག་གི་སྡེ་བའི་བགྲོད་ལམ་སོགས་སྒྱུར་བཀོད་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་མི་འདང་ས་ཁ་གསབ་བཟང་བོ་བྱས། སྡོད་ཁང་གི་འགན་སྲུང་ཚད་མཐའི་འགན་སྲུང་ཕྱོགས་ནས་ཟླ་རེར་ཞིབ་བཤེར་དང་ཟླ་རེར་གསར་སྒྱུར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་རྐྱེན་སྲོལ་བཙུགས་པ་བརྒྱུད་དེ་སྡོད་ཁང་གི་བདེ་འཇགས་ཉེན་ཁའི་རྒྱུན་རྣམ་ཅན་གྱི་གནད་ཕིགས་དོ་དམ་ཚོད་འཛིན་མངོན་འགྱུར་བྱས་པ་དང་། མ་དངུལ་སྒོར་ས་ཡ་བཞི་དང་འབུམ་དྲུག་ཁྲི་གཉིས་བཏང་ནས་རོང་འབྲོག་ཁྱིམ་ཚང་བརྒྱ་དང་གོ་བདུན་གྱི་སྡོད་ཁང་སྒྱུར་བཀོད་ལས་འགན་ཡོངས་འགྲུབ་བྱས་ནས་མང་ཚོགས་རྣམས་ཉེན་ཁ་ཆེ་བའི་སྡོད་ཁང་ནང་འདུག་ཏུ་མི་འཇུག་པའི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱས།