མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་སྡེ་སྡོད་རོགས་སྐྱོར་བྱ་བ་དེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས་འགན་འཁྲི་ཁུར་ཕོད་པ་དང་བྱེད་ནུས་བཟང་བའི་སྡེ་སྡོད་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ་སྡེ་སྡོད་རོགས་སྐྱོར་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་། ཟླ12པའི་ཚེས22བར་དུ། ཚན་རིག་དང་མཐུན་པའི་སྒོ་ནས་སྡེ་སྡོད་ལས་བྱེད་པ་རེ་ལྔ་འདེམ་མངགས་བྱས་པ་དང་། དེའི་ནང་དངོས་གཞིའི་ཡན་གྱི་བསླབ་གནས་ཀྱིས་བརྒྱ་ཆའི་རེ་དྲུག་དང་ཏང་ཡོན་གྱིས་བརྒྱ་ཆའི་རེ་བརྒྱད་ཟིན།
གཏེར་ལེན་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཅིག་གྱུར་དོ་དམ་དང་། ཡུལ་ཚོ་དང་གྲོང་རྡལ་གྱིས་ཉིན་རྒྱུན་དོ་དམ་བྱེད་པ། སྡེ་ཁག་གིས་རྗེས་འདེད་དོ་དམ་བྱེད་པ། སྡེ་སྡོད་ལས་བྱེད་པའི་རང་ཉིད་ལ་དོ་དམ་བྱེད་པ་བཅས་གནས་བཞི་གཞི་གཅིག་གི་དོ་དམ་མ་ལག་ལག་བསྟར་ཟབ་མོ་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྡེ་སྡོད་ལས་བྱེད་པའི་གྲོས་མོལ་ཚོགས་འདུ་བསྡུས་ནས་བྱ་བའི་དྲན་སྐུལ་ཡི་གེ་ཐེངས་བཞི་ལ་པར་འགྲེམ་བྱས་ཤིང་། རོགས་སྐྱོར་བྱ་བའི་མཉམ་ཤུགས་གཅིག་བསྡུས་དང་སྡེ་སྡོད་ལས་བྱེད་པའི་དོ་དམ་བྱ་བ་དམ་འཛིན་ནན་མོ་བྱས་ཏེ་རོགས་སྐྱོར་བྱ་བའི་སྤུས་ཚད་སྔར་ལས་མཐོར་འདེགས་བཏང་། འཕེལ་རྒྱས་ཞན་ཞིང་ཁ་ཐོར་ཡིན་པའི་སྡེ་བ་གསུམ་ལ་གཞི་རིམ་གྱི་ཏང་འཛུགས་བྱ་བར་རྒྱུས་མངའ་ཡོད་པའི་ལས་བྱེད་པ་འདེམ་མངགས་བྱས་ཏེ་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར་དུ་བཅུག་ནས་འཕེལ་རྒྱས་ཞན་ཞིང་ཁ་ཐོར་ཡིན་པའི་སྡེ་བ་དང་གྲོང་གསེབ་དར་སྤེལ་གཙོ་གནད་སྡེ་བར་ཧྲུའུ་ཅི་དང་པོའི་འདེམ་མངགས་བྱ་བ་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་།
གྲོང་ཁྱེར་ཡོངས་ཀྱི་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་ཁྲིད་སྟོན་དང་དེ་བཞིན་སྡེ་སྡོད་བྱ་བའི་རུ་ཁག་གི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་ནས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་ལ་གཅིག་བསྡུས་གསོ་སྦྱོང་བྱས་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་ཉེར་དགུ་བདམས་ནས་མཚོ་ནུབ་ཁུལ་གྱི་སྡེ་སྡོད་ཧྲུའུ་ཅི་དང་པོའི་གསོ་སྦྱོང་ལ་ཞུགས་སུ་བཅུག་ནས་སྡེ་སྡོད་ལས་བྱེད་པའི་འགན་སྒྲུབ་ནུས་པ་སྔར་ལས་མཐོར་འདེགས་བཏང་།