ཟླ12པའི་ཚེས18ཉིན། གསར་དུ་བསྐྲུན་པའི་ཡུས་ཧྲུའུ་གྲོང་ཁྱེར་བུ་བཅོལ་ཁང་དགུ་པའི་སློབ་ཁྲིད་ཐོག་ཁང་ནང་གི་བྱིས་པ་ཚོའི་དགོད་སྒྲས་དྲོད་གཏོང་གི་སྦུག་ལམ་གྱི་ཆུ་ཚ་བོ་རྒྱུག་པའི་སྒྲ་དང་མཉམ་དུ་མཐོ་སྒང་གི་ཞོགས་པ་འདིར་དྲོད་ཁོལ་སྦྱིན། སྡེ་ཁུལ་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཐབ་ཚང་གི་དུ་སྨུག་དགུང་ལ་འཕྱུར་ཞིང་། རྒན་རྒོན་ཁ་ཤས་བསྐོར་ནས་བསྡད་དེ་ཞོགས་ཟས་ཚ་པོར་སྒུག་བཞིན་ཡོད། དེ་དང་ཐག་ཉེ་བའི་འཕྲོད་བསྟེན་ཁང་གི་སྒོ་ཁ་རུ་ད་སོ་མ་ལུས་པོར་བརྟག་དཔྱད་བྱས་མ་ཐག་པའི་གདོང་ལ་སེམས་བདེ་བའི་འཛུམ་མདངས་མངོན་པའི་འབྲོག་པ་ཚོ་ཡོད། སྲང་ལམ་གང་སར་དམངས་འཚོ་ལེགས་སྒྱུར་ལས་བྱུང་བའི་རྣམ་པ་ལེགས་པོ་ཞིག་མངོན་ཡོད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ། ཡུས་ཧྲུའུ་གྲོང་ཁྱེར་ནོར་སྲིད་ཀྱིས་དམངས་འཚོ་གཏོང་སྒོའི་བསྡུར་ཚད་བརྒྱ་ཆའི་གྱ་གཉིས་གྲངས་ཆུང་དགུ་གསུམ་ཡན་ལ་བརྟན་ལྷིང་བྱུང་ཡོད་པས། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་བྱ་བ་སོ་སོ་དོན་འཁྱོལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། སློབ་གསོའི་ལས་དོན་བརྟན་ཐོག་ཡར་འཕེལ་ཕྱིན་པ་དང་རྨང་གཞི་སྲ་བརྟན་དུ་ཕྱིན་པ། སློབ་སྔོན་སློབ་གསོའི་སློབ་ཞུགས་ཚད91.5%དང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་བརྒྱ་ཆའི་གོ་བདུན་གྲངས་ཆུང་ལྔ་གཅིག་ལ་སླེབས། མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད92.7%ལ་སླེབས་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་ལྔ་ས་ཡ་དྲུག་བཏང་བ་དང་། གསར་སྐྲུན་དང་རྒྱས་སྐྲུན། དེ་བཞིན་ཉམས་གསོ་བསྒྱུར་བཀོད་རྣམ་གྲངས39བཅས་ལག་ཏུ་བསྟར་ཏེ། སློབ་གྲྭའི་དྲོད་གཏོང་བསྒྱུར་བཀོད་དང་བཟའ་བཏུང་བདེ་འཇགས་བཅོས་སྒྲིག་ལ་དུས་མཉམ་དུ་སྐུལ་འདེད་བཏང་བ་དང་། སློབ་གསོ་སློབ་ཁྲིད་སྤུས་ཚད་དང་སློབ་སྒྲུབ་རྨང་གཞིའི་ཆ་རྐྱེན་བརྟན་ཐོག་ཡར་འཕེལ་ཕྱིན་ཏེ། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་བྱས། འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་རིམ་འཇུག་རིམ་སྤར་དང་མ་ལག་འཐུས་ཚང་དུ་བཏང་བ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་བཅོས་དྲ་རྒྱ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་དང་། འགོས་ནད་ཚབས་ཆེན་དང་ས་གནས་ཀྱི་ནད་རིགས་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་། ལས་ཞུགས་ལས་ཀར་གནད་འཁེལ་ཤུགས་འདོན་དང་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་སྟེ། “ཡུས་ཧྲུའུ་དང་ལག་གདང་སྦྲེལ་ནས་མཚེའུ་བསྐྲུན་པའི”ངལ་ལས་ཟོང་རྟགས་འབད་པས་བསྐྲུན་པ་དང་། མཁར་གྲོང་དུ་ལས་ཞུགས་མི་ཐེངས304དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གནས་སྒྱུར་ལས་ཞུགས་མི་ཐེངས1908གསར་དུ་བསྣན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད་ཐོ་འགོད92%སུ་བརྟན་བརླིང་བྱུང་ཡོད། དམངས་འཚོ་འགན་སྲུང་གིས་ཐབས་མང་མཉམ་སྤྱོད་དང་གནད་འཁེལ་ཤུགས་འདོན་བྱས་ཏེ། “རྒན་པ་གཅིག་དང་ཆུང་བ་གཅིག”གི་ཞབས་ཞུའི་སྒྲིག་བཀོད་དང་ཞི་ཧང་སྲང་ལམ་གྱི་རྒན་གསོ་ཞབས་ཞུའི་ལྟེ་གནས་ཉམས་གསོ་བསྒྱུར་བཀོད་བྱས་ཏེ། རྒན་གསོ་ལས་ཁུངས་གསུམ་གྱི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་ལ་སྐུལ་འདེད་བཏང་བས། སྡེ་ཁུལ་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཀྱི་འཁོར་གཉེར་ཕན་འབྲས་རིམ་བཞིན་མངོན་གསལ་དོད་པོ་ཕྱིན་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་འགན་སྲུང་དུས་ཐོག་ཏུ་ལས་ཆོད་ཆེན་པོ་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི“ཁྲིམས་སྐྱོང་སྨན་བཅོས་འགན་སྲུང”གི་འཛུགས་སྐྲུན་ལ་སྔོན་ལ་སྐུལ་འདེད་བཏང་བ་དང་། གཞི་རྩའི་སྨན་བཅོས་དང་ནད་ཚབས་ཆེན་གྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་སྨན་བཅོས་འགན་སྲུང་གི་ཐོབ་ཆ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས།