ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁེ་ལས་ཀྱི་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ། རྒྱལ་དམངས་དཔལ་འབྱོར་ཁྲོད་རྐང་འཛིན་དང་སྲོག་ཤིང་གི་ནུས་པ་ཐོན་ཡོད་ཅེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པའི་སྟེང་། ཀྲུང་དབྱང་ཁེ་ལས་ཀྱིས་འགན་འཁྲི་དང་ལས་འགན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་ཞབས་འདེགས་ཞུས་ནས། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པར་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་དགོས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས་རྒྱལ་དབང་དཔལ་འབྱོར་གྱི་བཀོད་པ་བསྟུད་མར་ལེགས་བསྒྱུར་བྱེད་པ་དང་། ལྟེ་བའི་ནུས་པ་ངེས་པ་དོན་གྱིས་ཆེ་རུ་བཏང་ནས་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། དངོས་ཕུང་དཔལ་འབྱོར་ལ་གཞི་ཚུགས་པ་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཤིང་། ཀུང་སིའི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་གོང་དུ་འཕེལ་བར་ཚོད་འཛིན་ཐེབས་པའི་གཏིང་རིམ་གྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ཏེ། འཛམ་གླིང་གི་ཁེ་ལས་རྩེ་གྲ་འཛུགས་སྐྲུན་གང་ཐུབ་བྱ་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཉེན་ཁ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ཏེ། ཁེ་ལས་བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་བསྟུད་མར་ཇེ་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། ཁེ་ལས་ཀྱི་འགོ་ཁྲིད་ཚན་ཆུང་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཇེ་ཞིབ་ཏུ་བཏང་ནས་ཏང་གི་འགོ་ཁྲིད་ཀུང་སི་བཅོས་སྐྱོང་གི་རིམ་པ་སོ་སོའི་ཁྲོད་འདྲེས་པར་སྐུལ་ཏེ། ཏང་འཛུགས་སྐྱོང་ལས་དོན་དང་ཐོན་སྐྱེད་གཉེར་སྐྱོང་གཏིང་ཟབ་མཉམ་འདྲེས་བྱ་རྒྱུར་སྐུལ་དགོས། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་ལ་ཆད་པ་ནན་མོ་གཅོད་དགོས། སྙིང་རུས་ལྷོད་མེད་ཀྱིས“སྤྱོད་ངན་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་པར་ཤུགས་སྣོན་དགོས།
ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བའི་ཚོགས་འདུ་ཟླ12པའི་ཚེས22ཉིན་ནས་ཚེས23ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ལི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས། ཀྲུང་དབྱང་ཁེ་ལས་ལ་བླང་བྱ་ཁ་གསལ་དང་རེ་བ་ནན་མོ་བཏོན་ཡོད་པས་འཐབ་ཇུས་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པས། ཀྲུང་དབྱང་ཁེ་ལས་བྱ་བ་ལེགས་པོར་སྒྲུབ་པར་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་བྱ་དགོས།
ལི་ཆང་གིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་པོ་འདིང་བ་དང་། ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། ཀྲུང་དབྱང་ཁེ་ལས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་བྱེད་པའི་སྟེང་གཅིག་གྱུར་ཡོང་བར་བྱ་དགོས། ཁ་ཕྱོགས་སྔར་ལས་གསལ་བོ་བཟོ་བ་དང་ངེས་གནས་ཡང་དག་བཙལ་ནས། དོན་དམ་པར་ལས་འགན་དང་འགན་འཁྲི་འཁུར་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་སྐུལ་འདེད་ཁྲོད་འགན་སྲུང་ཤུགས་ཆེན་བྱ་དགོས། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་གྲངས་རིག་ཅན་དུ་འགྱུར་བའི་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་པ་གསར་བ་སྔོན་དུ་འཛུགས་སྐྲུན་བྱ་དགོས། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་རང་བརྟེན་ཚོད་འཛིན་ཐུབ་པའི་ཁྲོད་ནུས་ཤུགས་གཙོ་བོ་ཁུར་ནས། ལས་འགན་གཙོ་བོ་ལས་རིགས་གཙོ་བོ་དང་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། ནུས་ཁུངས་དང་ཐོན་ཁུངས་མཁོ་སྤྲོད་འགན་སྲུང་བྱ་བ་དང་། ཐོན་ལས་མུ་ཕྲེང་གི་མཉེན་ཆ་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་ནས་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཁྲོད་རང་རྟོག་གིས་ནུས་ཤུགས་བཏོན་ནས། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྔར་ལས་བྱས་རྗེས་འཇོག་དགོས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་དབང་དཔལ་འབྱོར་གྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་མདུན་གྲལ་དུ་བསྐྱོད་དགོས། ཏང་གི་འགོ་ཁྲིད་དེ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྲོལ་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བས་སྔར་ལས་སྙིང་སྟོབས་ཆེར་སྐྱེད་ཀྱིས་རང་འགན་གཙང་སྒྲུབ་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། འགལ་བ་གཙོ་བོ་དམ་འཛིན་དང་བཅོས་སྒྱུར་གསར་གཏོད་བྱེད་ཕོད་པ། རྙོག་འཛིང་ཆེ་བའི་རྣམ་པར་ཁ་ལོ་བསྒྱུར་བ་དང་མངོན་གསལ་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། ཁེ་ལས་ཀྱི་སྣེ་ཁྲིད་དེ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མུ་མཐུད་བསྐྲུན་དགོས།
ཀྲང་གོ་ཆིན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ཀྲུང་དབྱང་ཁེ་ལས། ཀྲུང་དབྱང་གི་དངུལ་རྩའི་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས།