ཟླ12ཚེས22གནའ་རྫས་རྟོག་ཞིབ་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གི་མཚོ་ཆེན་མཚོའི་མཁྲིས་སུ། རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་ཤུལ་གལ་ཆེན་ཞིག་གསར་རྙེད་བྱུང་། དེ་ནི་འདབ་པ་རྫོང་གི་ཕན་རོགས་གནའ་ཤུལ་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པས། མིའི་རིགས་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དུ་སྐྱས་འདེགས་བྱས་ཤིང་རིམ་གྱིས་ཡུལ་སོ་སོ་མཆེད་སའི་མཚོ་འཕགས་མཐོ་ཤོས་ཀྱི་ཟིན་ཐོ་གསར་བ་ཞིག་རེད། རྡོ་ཆས་ལ་བརྟེན་ནས་ལོ་ངོ་ཁྲི་ཡི་ཡར་སྔོན་གྱི་འཚོ་བའི་གནས་སྟངས་བདེན་དཔང་བྱས།
མཚོ་ཆེན་མཚེའུ་གནའ་ཤུལ་ལས་རྡོ་ཆས190ལྷག་བཏོན་ཞིང་། གཙོ་བོ་རྡོ་ཆས་ལེབ་མོ་ཕྲ་རགས་གཉིས་དང་། ཞིབ་མོ་ལ་སོགས་ཡོད་པ་དང་། ལོ་ངོ་ཁྲི་ཡི་ཡར་སྔོན་གྱི་གནའ་བོའི་མིའི་རིགས་མཚོ་བོད་མཐོ་སྒང་དུ་གནས་པ་ལ་དངོས་དཔང་ཞིག་མཁོ་འདོན་བྱས་ཡོད་ཅེས་ཕན་རོགས་གནའ་ཤུལ་སྔོག་འདོན་གྱི་འགན་འཁུར་པ། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་རྡོ་ཆས་རྟོག་ཞིབ་ཞིབ་འཇུག་ཁང་གི་མགོ་གཙོ་ཀྲེན་ཀྲི་ཞུན་གྱིས་དོ་ལྟར་ངོ་སྤྲོད་བྱས་བྱུང་།
མཚོ་ཆེན་མཚེའུ་གནའ་ཤུལ་ནས་ཐོན་པའི་རྡོ་ཆས་རེད།
མཚོ་ཆེན་མཚེའུ་འགྲམ་གྱི་མཚོ་ཆེན་གནའ་ཤུལ་དེ་ད་ནས་ཡར་དེད་ན་ལོ་ངོ་ཁྲི1.2ལ་འདས་ཡོད་པ་དང་། ཕན་རོགས་གནའ་ཤུལ་ཚོགས་ལས་མཚོ་འཕགས་མཐོ་ཤོས་ཀྱི་གནའ་ཤུལ་ཞིག་རེད། ཕན་རོགས་གནའ་ཤུལ་ནི་མཚོ་བོད་མཐོ་སྒང་སྟེང་ད་སྔ་ཤེས་ཟིན་པའི་ལོ་རྒྱུས་ཆེས་སྔ་ཞིང་། རྒྱ་ཁྱོན་ཆེས་ཆེ་བ། རིག་གནས་ཀྱི་ནང་དོན་ཆེས་ཕུན་སུམ་ཚོགས་པའི་གནའ་ཤུལ་ལ་ངོས་བཟུང་ཡོད་པ་དང་། དེས་ཕན་རོགས་གནའ་ཤུལ་གྱི“ཟིན་ཐོ་མཐོ་ཤོས”དེ་མཚོ་འཕགས་སྨི4300ལྷག་ལ་སྤར།
གནའ་བོའི་ཞབས་རྗེས་དེད་དེ་མཐོ་སྒང་གི་ཤེས་དཔལ་འཚོལ་བ།
གནའ་རྫས་རྟོག་ཞིབ་དཔུང་སྡེ་དེ་ཐོག་དང་པོར་མཚོ་ཆེན་གནའ་ཤུལ་ལ་ཡོང་དུས་དེ་ནི་རྩྭ་ཆུ་འཛོམས་ཤིང་། མཐོང་རྒྱ་ཡངས་པའི་གནས་ཤིག་རེད། གོ་ལའི་ལོ་རྒྱུས་སྟེང་དུ་ཆེས་མཐའ་མའི་འཁྱགས་ཆུ་དུས་སྐབས་ཀྱི་འཁྱགས་རོམ་ཞུ་རྗེས། གནས་འདིར་མཚེའུ་མང་པོ་ཞིག་གྲུབ་པས་སྲོག་ཆགས་ཀྱི་རིགས་མི་འདྲ་མང་པོ་ཞིག་རིམ་གྱིས་འདུས་ཏེ་གནའ་མིས་རི་དྭགས་རྔོན་བདའ་ལ་མཐུན་རྐྱེན་ལེགས་པོ་བསྐྲུན།
ཡར་སྔོན་གྱི་མཚོ་ཆེན་མཚེའུ་ཡུལ་ལྗོངས།
“ང་ཚོས་རྡོ་ཆས་རྙིང་མའི་དུས་ཀྱི་རྡོ་ཆས་རེ་རེ་རྙེད་པའི་སྐབས་སུ། དེ་ནི་ལོ་ངོ་ཁྲི་ཡར་སྔོན་ལ་གདོད་མའི་མིའི་རིགས་འཚོ་བའི་གཞིས་ཁྱིམ་ཞིག་ཡིན་པ་མ་ཟད། ཕན་རོགས་གནའ་ཤུལ་གྱི་ཆ་ཤས་ཤིག་ཡིན་པའི་ངེས་པ་བཅོས་མིན་ཞིག་འདྲོངས་ཞེས་ཀྲེན་ཀྲི་ཞུན་གྱིས་ཕྱིར་དྲན་བྱེད་ཞོར་དུ་དང་ཐོག་གནའ་ཤུལ་དེ་རྙེད་པའི་རྣམ་པ་བརྗོད།
ལོ་ངོ་ཁྲི་ཡི་དུས་ཚོད་སྔ་མོ་ཞིག་ནས་ཡལ་ཟིན་ན་ཡང་། རྡོ་ཆས་དེ་དག་གིས་གནའ་བོའི་མིའི་རིགས་གནས་འདིར་འཚོ་བ་རོལ་མྱོང་བ་བདེན་དཔང་བྱས་ཡོད། མཚོ་ཆེན་མཚེའུ་རུ་བཏོན་པའི་རྡོ་ཆས་ཀྱི་བརྡར་བཟོ་ལག་རྩལ་ཧ་ཅང་བྱང་ཆ་ཡོད་ཅིང་། ཁ་ཤས་ཤིག་གི་བཟོ་སྟངས་སྤུས་ལེགས་ལ་ཞིབ་ཆ་ཆེ་བ་དང་། རྡོ་གྲིར་རྣོ་ཁ་དབལ་བ། སྤུ་དང་ཤ་ཡི་རིགས་སླ་མོར་གཏུབ་གཅོད་ཐུབ་པ་སོགས་ཀྱིས་གནའ་བོའི་མིའི་རིགས་ཀྱིས་མཐོ་སྒང་གི་འཚོ་གནས་ཁོར་ཡུག་དམིགས་བསལ་བ་འདི་ལ་འཚམ་པའི་ཐུན་མིན་གྱི་ལག་རྩལ་ཞིག་དར་སྤེལ་བྱས་པ་མངོན།
གནའ་རྫས་རྟོག་ཞིབ་པས་མཚོ་ཆེན་མཚེའུ་གནའ་ཤུལ་དུ་རྟོག་ཞིབ་བྱེད་བཞིན་པ།
ངེས་ཤེས་ལས་བརྒལ་ཏེ་མིའི་རིགས་ཀྱི་འཕྲོད་མཐུན་རང་བཞིན་དང་འཕེལ་རྒྱས་སྐྱས་འདེགས་ཀྱི་ས་ཁོངས་ཆེ་རུ་བསྐྱེད།
མཚོ་བོད་མཐོ་སྒང་ལ“གོ་ལའི་གླིང་སྣེ་གསུམ་པ”ཞེས་འབོད་ཅིང་། དེའི་རང་བྱུང་ཁོར་ཡུག་ནི་མིའི་རིགས་འཚོ་སྡོད་དང་ཆེ་ཆེར་འཕེལ་མི་ཐུབ་པའི་གནས་སུ་ངོས་འཛིན་བྱེད་ཀྱི་ཡོད། ཐེངས་འདིའི་མཚོ་ཆེན་མཚེའུ་ཡི་གནའ་ཤུལ་ལས། མཚོ་བོད་མཐོ་སྒང་གི་ཤར་རྒྱུད་ཀྱི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཀྱི་ཁྲོད་དུ་མཚོ་འཕགས་མཐོ་བའི་ས་ཁུལ་དུ་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་པ་ལ་ངེས་ཤེས་གསར་པ་ཞིག་བསྐྱེད།
ཐོག་མའི་ཞིབ་འཇུག་ལས། ལོ་ངོ་ཁྲི20ལྷག་གི་སྔོན་ལ། རང་རྒྱལ་གྱི་ཧྭ་ནན་ས་ཁུལ་གྱི་གནའ་བོའི་མིའི་རིགས་ཤར་ངོས་ཀྱི་མཚོ་བོད་མཐོ་སྒང་དུ་འཛེག་ཅིང་། ཕྱིས་གླིང་ཆེན་ཨེ་ཤ་ཡ་ལྷོ་མ་དང་། གླིང་ཆེན་ཨེ་ཤ་ཡ་ནུབ་མ། ཧྭ་ཧྲན་ས་ཁུལ་བཅས་ཀྱི་མི་དང་མཉམ་དུ་གནས་འདིར་འདུས་སྡོད་བྱས་པ་ཞིག་མངོན།
མཚོ་ཆེན་མཚེའུ་ཡི་གནའ་ཤུལ་ནི“དུས་དང་བར་སྟོང་གི་ལྡེ་མིག”ཅིག་དང་འདྲ་བར། སྔ་དུས་ཀྱི་དེང་རབས་མི་ཚོགས་དེ་གླིང་ཆེན་ཨེ་ཤ་ཡར་ཁྱབ་ནས་སྐྱས་འདེགས་བྱས་པའི་ལམ་ཐིག་ཅིག་འཚོལ་ཞིབ་བྱེད་པ་ལ་དངོས་པོའི་རྒྱུ་ཆ་དཀོན་པོ་ཞིག་མཁོ་འདོན་བྱས་ཡོད།
འཚོལ་ཞིབ་ཀྱི་གོམ་པ་མུ་མཐུད་མདུན་དུ་སྤོས་ཏེ། གསར་རྙེད་རེ་རེ་ལ་ཁུངས་འཚོལ་བའི་མགོ་བརྩམས།
ད་སྔ་གནའ་རྫས་རྟོག་ཞིབ་དཔུང་སྡེ་དེས་ཚན་རིག་གི་རིག་ཚན་དུ་མས་ཕྱོགས་བསྡུས་ཐོག་ཞིབ་འཇུག་བྱེད་སྒང་ཡིན་ལ། ལོ་རབས་རིག་པ་དང་། ཁོར་ཡུག་རྟོག་ཞིབ་ལ་སོགས་ཀྱི་ལག་ཐབས་བརྒྱུད་དེ་ལོ་ངོ་ཁྲི་སྔོན་གྱི་གནའ་བོའི་མིའི་རིགས“འཛམ་གླིང་གི་ཡང་རྩེ”འདིར་ཇི་ལྟར་འཚོ་བའི་རིས་ལྗོངས་ཤིག་མངོན་པར་ཞིབ་འཇུག་བྱེད་བཞིན་ཡོད་དོ། །